ན་གཞོན་ཚུ་ སྨྱོ་རྫས་བརྟག་དཔྱད་ འབད་བའི་བསྒང་།

ན་གཞོན་༢ ཀྱིས་ སྨྱོ་རྫས་སྤྱོད་ཡོད་པའི་ ངོས་འཛིན་བྱུང་ཡོདཔ།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཆོས་རྒྱུགས་མཐར་འཁྱོལ་མི་ སློབ་ཕྲུག་༣༨༥ ཞི་གཡོག་ནང་ འཛུལ་ཞུགས་འབད་ནིའི་དོན་ལུ་ སྨྱོ་རྫས་སྤྱོད་དོ་ཡོད་མེད་ བརྟག་དཔྱད་འབད་བའི་སྐབས་ ན་གཞོན་༢ ཀྱིས་ སྨྱོ་རྫས་སྤྱོད་ཡོདཔ་སྦེ་ བདའ་ཟུན་ནུག།

སྨྱོ་རྫས་བརྟག་དཔྱད་འབད་ནི་དེ་ཡང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ ཐིམ་ཕུག་ ལུང་བསྟན་ཟམ་པ་འབྲིང་རིམ་སློབ་གྲྭབར་མའི་ནང་ འགོ་འདྲེན་འཐབ་མི་དེ་ ཁ་ཙ་ མཇུག་བསྡུ་ཡི།

ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྨྱོ་རྫས་བརྟག་དཔྱད་སྐབས་ སྨྱོ་རྫས་སྤྱོད་ཡོདཔ་སྦེ་ཐོན་མི་ ན་གཞོན་༢ ཀྱིས་ ལྷན་ཚོགས་ནང་ མཐོ་གཏུགས་འབད་ཆོགཔ་ད་ ལྷན་ཚོགས་ཀྱིས་སྦེ་ ཁོང་༢ ག་ཅི་བཟུམ་གྱི་ སྨན་བཅོས་འབད་དོ་ཡོདཔ་ཨིན་ན་དང་ སྨན་ག་ཅི་བཟུམ་ བཟའ་དོ་ཡོདཔ་ཨིན་ན་ཚུ་ བརྟག་དཔྱད་འབད་འོང་ཟེར་ཨིན་པས།

ག་དེམ་ཅིག་སྦེ་ ན་གཞོན་གཉིས་ སྨན་ཁང་གྱིས་བྱིན་མི་ སྨན་མེན་པར་ བཀག་དམ་ཅན་གྱི་ སྨྱོ་རྫས་སྤྱོད་ཡོདཔ་སྦེ་ ཐོན་སོ་པ་ཅིན་ ཁོང་༢ གཞུང་གི་ལཱ་གཡོག་མི་ཐོབ་ནི་ཨིནམ་མ་ཚད་ ཁོང་གི་ས་སྟོང་དེ་ བསྒུགས་ཏེ་བཞག་མི་ གཞན་མི་ ན་གཞོན་གཉིས་ལུ་ གོ་སྐབས་བྱིན་ནི་དང་ ཁོང་༢ གཞུང་གི་ལཱ་གཡོག་དགོ་ནི་ཨིན་པ་ཅིན་ ད་རུང་ སང་ཕོད་ཀྱི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཆོས་རྒྱུགས་ ལོག་རྐྱབ་དགོ་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་ བཤད་མི་དང་འཁྲིལཝ་ད་ དེ་བཟུམ་མའི་ སྨྱོ་རྫས་སྤྱོད་དོ་ཡོད་མེད་ བརྟག་དཔྱད་འབད་དགོ་མི་དེ་ཡང་ མ་འོངས་པ་ལུ་ གཞུང་གཡོག་ནང་ཡོད་མི་ ལས་བྱེདཔ་ཚུ་ སྨྱོ་རྫས་སྤྱོད་མི་ མེདཔ་བཟོ་ནི་དང་ སྨྱོ་རྫས་སྤྱོད་ནི་ལས་ བཀག་ཐབས་འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།

ཧེ་མ་ གསོ་བའི་ལག་ཁྱེར་དགོཔ་བཟུམ་སྦེ་ ད་ལས་ཕར་ ཞི་གཡོག་ནང་འཛུལ་ནིའི་དོན་ལུ་ སྨྱོ་རྫས་བརྟག་དཔྱད་དེ་ འབད་དགོཔ་ངེས་བདེན་ཨིན་ཟེར་ཨིན་པས།

འབྲུག་སྨྱོ་རྫས་བདག་འཛིན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ སྨྱོ་རྫས་བརྟག་དཔྱད་འབད་དགོ་མི་དེ་ཡང་ ན་གཞོན་ལ་ལོ་ཅིག་ བཀག་དམ་ཅན་གྱི་ སྨྱོ་རྫས་ལོངས་སྤྱོད་འབད་མི་ཚུ་ལུ་ སྨན་བཅོས་ཚུ་ དུས་མཐུན་སྦེ་ བྱིན་ཐབས་ལུ་ཨིན་ཟེར་ཨིན་པས།

ན་གཞོན་སྨྱོ་རྫས་བརྟག་དཔྱད་ཀྱི་དོན་ལུ་ འོང་མི་ཚུ་གིས་ ཆབ་གསང་བསྡུསཔ་གི་ དཔེ་ཚད་བྱིན་ཞིནམ་ལས་ བརྟག་དཔྱད་འཕྲུལ་ཆས་དེ་ནང་ དེ་འཕྲོ་ལས་ བརྟག་དཔྱད་འབད་དེ་ གྲུབ་འབྲས་ཚུ་ཡང་ དུས་ཡུན་སྐར་མ་༣ དང་༥ འི་བར་ན་ གསལ་སྟོན་འབད་དེ་ བྱིནམ་ཨིན་པས།

བརྟག་དཔྱད་འབད་ནི་གི་དོན་ལུ་ ན་གཞོན་ཚུ་གིས་ དངུལ་ཀྲམ་༤༠༠ སྤྲོད་དགོཔ་ཨིནམ་ད་ འབྲུག་སྨྱོ་རྫས་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དངུལ་ཀྲམ་༤༠༠ བསྡུ་ལེན་འབད་མི་དེ་ཡང་ དངུལ་ཀྲམ་༣༨༥ པོ་དེ་ བརྟག་དཔྱད་འཕྲུལ་ཆས་ཀྱི་ གོང་ཚད་དང་ དངུལ་ཀྲམ་༡༤ པོ་དེ་ ཆབ་གསང་བསྡུསཔ་བླུག་ནིའི་ སྤོ་ཏོ་གི་དོན་ལུ་ ཨིན་ཟེར་ཨིན་པས།

སྨྱོ་རྫས་བརྟག་དཔྱད་འབད་མི་ ན་གཞོན་ལྷག་པ་གིས་ སླབ་མིའི་ནང་ སྨྱོ་རྫས་བརྟག་དཔྱད་འབད་དགོཔ་དེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ངེས་ཏིག་ཨིནམ་སྦེ་བཟོ་མི་དེ་ མ་འོངས་པར་ ན་གཞོན་ཚུ་གི་དོན་ལུ་ ལེགས་ཤོམ་ཅིག་ཨིན་རུང་ བརྟག་དཔྱད་དེ་ ན་གཞོན་རང་སོ་གིས་ ཏི་རུ་སྤྲོད་དེ་ འབད་དགོཔ་འབདཝ་ད་ ལཱ་ཁག་གཏང་ནི་མས་ཟེར་ཨིན་པས།

ན་གཞོན་ཚུ་ ད་ལྟོ་ དཔེ་ཆ་མཇུག་བསྡུ་ཚརཝ་ཅིག་འབད་ནི་དེ་གིས་ འོང་འབབ་ག་ཅི་ཡང་ ཐོབ་ནི་མེདཔ་ལས་ དངུལ་ཀྲམ་༤༠༠ སྤྲོད་ནི་དེ་ཡང་ ལཱ་ཁག་བཏངམ་མས་ཟེར་ སླབ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *