ཆོས་བཤད་ལས་རིམ་ནང་ གྲལ་གཏོགས་འབད་མི་ སློབ་གྲྭ་ཁག་གི་ སློབ་ཕྲུག་ཨ་ལོ་ཚུ།

དྷརྨ་སྤྲོ་སྒར་ལས་རིམ་གྱིས་ ན་གཞོན་ཚུ་ལུ་ ཕན་ཐོགས་བྱུང་དོ་ཡོདཔ།

༉ ད་ལྟོ་ ཕུན་ཚོགས་གླིང་གི་ས་གནས་ དཔག་བསམ་ཁ་ལུ་ཡོད་མི་ ཨོ་རྒྱན་རྡོ་རྗེ་དགོན་པ་ལུ་སྦེ་ དྷརྨ་སྤྲོ་སྒར་ཟེར་མི་ ཆོས་ཕྱོགས་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་དེ་གིས་ ཕུན་ཚོགས་གླིང་ཁྲོམ་སྡེའི་ ན་གཞོན་སློབ་ཕྲུག་༡༠༤ ལུ་ ཕན་ཐོགས་བྱུང་སྟེ་ཡོདཔ་ཨིན་པས།
ལས་རིམ་དེ་ཡང་ གཞུང་གྲྭ་ཚང་གི་འོག་ལུ་ཡོད་མི་ སེམས་རྟོགས་ཁ་ སེམས་དོན་རིག་པའི་སྤེལ་ཁང་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
བཅའ་མར་གཏོགས་མི་ ན་གཞོན་ཚུ་གིས་ ནང་ཆོས་ལས་རིམ་དེ་ མི་ཚེ་བསྒྱུར་བཅོས་འབད་ཚུགས་པའི་ ལས་རིམ་ཅིག་ཨིན་མས་ཟེར་ སླབ་ཨིན་པས།
སྐྱེས་ལོ་༡༤ ལང་མི་ ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་བར་མའི་སློབ་ཕྲུག་ པདྨ་དབྱངས་ཅན་གྱིས་ སླབ་མིའི་ནང་ ལས་རིམ་དེ་གིས་ མོ་གི་རྒྱུད་ལུ་ བསྒྱུར་བ་སྦོམ་བཟོ་ཚུགས་ཅི་ཟེར་ཨིན་པས།
ང་ར་ འགོ་དང་པ་ ལས་རིམ་ནང་འོངམ་ད་ མོ་ར་ ཙིགཔ་ཟ་ཁོང་ཁྲོ་ལང་མི་ཅིག་ཨིན་རུང་ ད་རེས་ དེ་བཟུམ་མེན་ཟེར་བཤད་པའི་ཁར་ མོ་གིས་ གོ་ལ་དམརཔོ་གྱོན་ཏེ་ མི་ལུས་རིན་ཆེན་གྱི་སྐོར་ལས་ ཆོས་བཤད་གནང་པའི་སྐབས་ མིག་ཏོ་བཙུམ་སྟེ་ ཉན་སྡོདཔ་ཨིན་པས།
ལས་རིམ་དེ་གིས་ ང་ར་ ཁོང་ཁྲོ་མེད་པའི་ མི་ཅིག་ལུ་བཟོ་ཡི་ཟེར་ མོ་གིས་བཤད་པའི་ཁར་ སང་ཕོད་འབད་བ་ཅིན་ ལས་རིམ་དེ་ ཟླཝ་༡ ལུ་ སེང་དགོཔ་འདུག་ཟེར་ཨིན་པས།
ལས་རིམ་དེ་ སློབ་ཕྲུག་ན་གཞོན་ཚུ་གི་དོན་ལུ་རྐྱངམ་གཅིག་ཨིན་རུང་ ཐིམ་ཕུག་ རིན་ཆེན་སློབ་གྲྭ་ཆེ་བ་ནང་ ཚོང་རིག་གི་སློབ་ཕྲུག་ སྐྱེས་ལོ་༡༩ ལང་མི་ འཇམ་དབྱངས་ཆོས་སྒྲོན་གྱིས་ཡང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
མོ་གིས་ ལས་རིམ་དེ་ནང་ ཐེངས་གཉིས་པ་ བཅའ་མར་གཏོགས་ཡོདཔ་ད་ མོ་གིས་བཤད་མིའི་ནང་ ལས་རིམ་དེ་གིས་ འབྲུག་མི་ཚུ་གིས་ ནང་པའི་ཆོས་ཀྱི་ཧོངས་ལས་ མནོ་བསམ་བཏང་ཐངས་ཚུ་ ཧ་གོ་སྟེ་ཡོད་ཟེར་ཨིན་པའི་ཁར་ ད་རེས་ཀྱི་ན་གཞོན་མང་ཤོས་ཀྱིས་ ནང་པའི་ཆོས་ལུགས་དེ་ ག་ར་ རིམ་གྲོ་འབད་ནི་བཟུམ་ཅིག་ལུ་ ཧ་གོ་སྟེ་ཡོད་རུང་ དེ་སྦེ་ མེན་པས་ཟེར་ཨིན་པས།
ནང་པའི་ཆོས་ལུགས་དེ་གིས་ རང་གི་སེམས་བདག་འཛིན་འཐབ་དགོ་པའི་སྐོར་ལས་ ལེ་ཤ་བཤད་ནི་འདུག་ཟེར་ མོ་གིས་བཤད་པའི་ཁར་ ལས་རིམ་འགོ་འདྲེན་འཐབ་མི་ སློབ་དཔོན་བཀྲིས་ཚེ་རིང་གིས་ ལས་རིམ་དེ་ ངོ་མ་ར་ ན་གཞོན་ཚུ་ལྕོགས་གྲུབ་ཅན་བཟོ་སྟེ་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་དང་གོང་འཕེལ་ལུ་ ལྷན་ཐབས་འབད་ནིའི་དོན་ལུ་ཨིན་ཟེར་བཤད་ཅི།
དེང་སང་གི་འགྱུར་བ་དང་འཁྲིལ་ ལམ་ལུགས་སྲོལ་ཚུ་ བྱང་ནིའི་ཉེན་ཁ་ཡོདཔ་ལས་ ན་གཞོན་ཚུ་ལུ་ སེམས་བདག་འཛིན་འཐབ་ཚུགསཔ་བཟོ་ནིའི་ དམིགས་གཏད་ཨིན་ཟེར་ ཁོ་གིས་བཤད་ཅི།
ལས་རིམ་དེ་ནང་ དྲོ་པ་ལས་འགོ་བཟུང་ ཕྱི་རུ་ཚུན་ སྒོམ་རྐྱབ་ནིའི་ལས་རིམ་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ ལས་སྡེ་ཁག་ལས་ མི་ངོ་ཚུ་གིས་ གནད་དོན་སྣ་ཚོགས་ཐོག་ལུ་ གསལ་བཤད་ཚུ་ཡང་ འབད་དོ་ཡོདཔ་ཨིན་པས།
དེ་མ་ཚད་ ལས་རིམ་དེ་ནང་ གཙང་མོ་འཐེན་ནི་དང་ ཞབས་ཁྲ་རྐྱབ་ནི་ དེ་ལས་ རྩོད་བསྡུར་གྱི་རིགས་ཚུ་ཡང་ འགོ་འདྲེན་འཐབ་དོ་ཡོདཔ་ད་ རྩེདམོ་གི་རིགས་ཚུ་ཡང་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
སློབ་ཕྲུག་ཚུ་ དགོན་པའི་ཉལ་ཁང་ནང་ སྡོད་དོ་ཡོདཔ་ད་ ཆོས་ཕྱོགས་ལས་རིམ་དེ་ ད་རིས་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *