དྲུང་ཆེན་བགྲེསཔ་ཅིག་གིས་ བཅོས་མའི་ཐོག་ ཉེན་བཅོལ་ཐོབ་བརྗོད་བཀོད་པའི་ཁ་ཉེས།

༉ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ དྲུང་ཆེན་བགྲེསཔ་ དྲགོས་ཤེས་རབ་རྒྱལ་མཚན་གྱིས་ འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་ལས་ སྣུམ་འཁོར་གྱི་ ཉེན་བཅོལ་འཐུས་ དངུལ་ཀྲམ་འབུམ་༢ ལྷགཔ་ཅིག་ ཐོབ་བརྗོད་བཀོད་ཡོད་མི་དེ་ བཅོས་མ་ཨིནམ་སྦེ་ ཀུན་གསལ་ལུ་ ཤེས་རྟོགས་བྱུང་ཡི།
ཞིབ་དཔྱད་འབད་བའི་བསྒང་ཡོད་མི་དེ་ནང་ འབྲེལ་གནད་ཅན་ཅིག་གིས་ ཀུན་གསལ་ལུ་ བཤད་མི་དང་འཁྲིལཝ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱོདཔ་ཚུ་གིས་ འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ བཀོད་ཁྱབ་མདོ་ཆེན་ བསོད་ནམས་རྡོ་རྗེའི་ རྩོད་དོན་ལུ་ ཞིབ་དཔྱད་རྐྱབ་པའི་སྐབས་ ཉེན་བཅོལ་རྫུས་བཟོ་ཐོག་ ཐོབ་བརྗོད་བཀོད་ཡོད་པའི་ ཚུལ་མིན་ལག་ལེན་དེ་ བདའ་ཟུན་ནུག་ཟེར་ཨིན་པས།
ཁ་ཉེས་དང་འཁྲིལཝ་ད་ དྲུང་ཆེན་བགྲེསཔ་གིས་ སྤྱི་ལོ་༢༠༡༦ ལུ་ ཁོ་རའི་སྣུམ་འཁོར་པ་ར་ཌོ་ལུ་ ཐུག་རྐྱེན་ཅིག་བྱུང་སྟེ་ ཉམས་བཅོས་སྦོམ་འབད་དགོཔ་ བྱུང་པའི་ཤུལ་ལས་ ཉེན་བཅོལ་ཐོབ་བརྗོད་བཀོད་ནུག་ཟེར་ཨིན་པས།
དེ་ཡང་ ཉེན་བཅོལ་ལས་འཛིན་གྱི་ བཀོད་ཁྱབ་མདོ་ཆེན་གྱིས་ སྣུམ་འཁོར་གྱི་ ཉེན་བཅོལ་དེ་ རྩ་ཕན་གསུམ་པ་ལས་ ཡོངས་རྫོགས་ཉེན་བཅོལ་ཐོབ་ལམ་ལུ་ བསྒྱུར་བཅོས་འབད་ནིའི་ནང་ ཆ་རོགས་འབད་མི་ལུ་བརྟེན་ ཐོབ་བརྗོད་མངམ་བཀོད་ཡོད་པའི་ ཁ་ཉེས་འདུག།
གནས་ཚུལ་བཤད་མི་དང་འཁྲིལཝ་ད་ སྣུམ་འཁོར་གྱི་ འཕྲུལ་ཨམ་ལུ་ ཉམས་བཅོས་འབད་ཡོད་རུང་ ཡན་ལག་ཅ་ཆས་ཚུ་གི་ ཉེན་བཅོལ་ཐོབ་བརྗོད་བཀོད་ནུག་ཟེར་ཨིན་པས།
ཨིན་རུང་ སྣུམ་ཁོར་ལུ་ ཐུག་རྐྱེན་བྱུང་པའི་སྐོར་ ཁྲིམས་སྲུང་འགག་པའི་ གནས་ཐོ་ནང་མེདཔ་ལས་ ཉེན་བཅོལ་གྱི་ འཐུས་སྤྲོད་ཚར་ཡོད་རུང་ ལས་འཛིན་གྱིས་ ཐོབ་བརྗོད་ཀྱི་ རྩིས་བཱིལ་ཚུ་ རྩིས་སྒྲིག་མ་འབད་བར་ བཞག་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ནུབ་རི་ཀེ་པི་ཊཱལ་སྒེར་སྡེ་ནང་ མ་རྩ་འཛུགས་སྤྱོད་དང་འབྲེལ་བའི་ རྩོད་དོན་ནང་ གཡོ་སྒྱུ་ལག་ལེན་དང་ མགུ་མཐུད་ཐོག་ལས་ ངན་ལྷད་འཐབ་པའི་ ཁ་ཉེས་ལུ་ ཞིབ་དཔྱད་འབད་བའི་སྐབས་ ལས་འཛིན་གྱི་ བཀོད་ཁྱབ་མདོ་ཆེན་དང་ འཛིན་སྐྱོང་མདོ་ཆེན་དེ་ དུས་ཅི་སྤྱི་ཟླ་༧ པའི་ནང་ དགོངས་ཕོག་བཏོན་དགོཔ་སྦེ་ བཀོད་ཚོགས་མདོ་ཆེན་ལུ་ བཀའ་རྒྱ་གནང་པའི་ཤུལ་ལས་ ཁོང་གཉིས་ཆ་ར་ དགོངས་ཕོག་བཏང་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱི་ ལྷན་འཛིན་རྒྱ་མཚོ་གིས་ བཅོས་མའི་ཉེན་བཅོལ་ ཐོབ་བརྗོད་བཀོད་ཡོད་པའི་ ཁ་ཉེས་ལུ་ ཞིབ་དཔྱད་རྐྱབ་པའི་བསྒང་ཡོད་ཟེར་མ་གཏོགས་ གཞན་ག་ནི་ཡང་ སླབ་མ་བཏུབ་ཨིན་པའི་གནས་ཚུལ།

ཀུན་གསལ་ལས་བྱེདཔ།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *