དྲང་དཔོན་༢ དགོངས་ཕོག་བཏང་ཡོད་རུང་ ཁྲིམས་ཀྱི་རིང་ལུགས་ལུ་དྲི་བཀོད།

༉ འདས་པའི་བདུན་ཕྲག་ནང་ དྲང་ཁྲིམས་ལྷན་སྡེ་གིས་ མངོན་མཐོ་ཁྲིམས་འདུན་གྱི་ རྒན་རིམ་མཐོ་ཤོས་ཀྱི་དྲང་དཔོན་ ཀུན་ལེགས་ཚེ་རིང་དང་ པདྨ་དགའ་ཚལ་གྱི་དྲང་དཔོན་ ཡེ་ཤེས་རྡོ་རྗེ་༢ ཡིག་ཚང་བཀའ་རྒྱའི་ཐོག་ལས་ དགོངས་ཕོག་བཏང་ཡོད་རུང་ རྩ་ཁྲིམས་ཅན་གྱི་ གོ་གནས་འཆང་མི་ཚུ་ གནས་དབྱུང་གི་ བྱ་རིམ་འགོ་འདྲེན་མ་འཐབ་པའི་ཧེ་མར་ རྩོད་བཤེར་འབད་ཆོགཔ་ཨིན་ན་ཟེར་ དྲི་བ་བཀོད་དོ་ཡོདཔ་ཨིན་པས།

ཁྲིམས་རྩོདཔ་ལ་ལོ་གིས་འབད་བ་ཅིན་ རྩ་ཁྲིམས་ཅན་གྱི་ གོ་གནས་འཆང་མི་ མངོན་མཐོ་ཁྲིམས་འདུན་གྱི་དྲང་དཔོན་ ཀུན་ལེགས་ཚེ་རིང་དེ་ དང་པ་ར་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ སྤྱི་ཚོགས་ཀྱིས་ གནས་དབྱུང་ཁོ་ནའི་ཐོག་ལས་ བཏོན་གཏང་དགོ་ཟེར་ཨིནམ་ད་ དེ་ལས་རྐྱངམ་གཅིག་ སྤྱིར་བཏང་མི་སེར་སྦེ་ ཉེས་འཛུགས་དང་འཁྲིལ་ ཁྲིམས་གཅོད་འབད་དགོ་ཟེར་ ཁྲིམས་རྩོདཔ་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་༣༢ པའི་རྩ་དོན་༣༢.༢ ཅན་མ་དང་འཁྲིལཝ་ད་ རྩ་ཁྲིམས་ཅན་གྱི་ གོ་གནས་འཆང་མི་ཚུ་ འཇོན་ཐངས་ ཡང་ན་ ལྕོགས་གྲུབ་མེདཔ་ མི་དགེ་བའི་ཀུན་སྤྱོད་ཚབས་ཆེན་གྱི་ གཞི་གནད་ཁོ་ན་ལུ་བརྟེན་ སྤྱི་ཚོགས་ཀྱི་འཐུས་མི་ཡོངས་བསྡོམས་ཀྱི་ གསུམ་དཔྱ་གཉིས་ལས་མ་ཉུངམ་ཅིག་གིས་ མོས་མཐུན་འབྱུང་ཚེ་ གནས་དབྱུང་གཏང་དགོ་ཟེར་ཨིན་པས།

ད་ལྟོ་ གནས་དབྱུང་གི་བཅའ་ཁྲིམས་མེདཔ་ད་ རྒྱལ་ཡོངས་ཁྲིམས་སྡེ་ལྷན་ཚོགས་ཀྱིས་ གནས་དབྱུང་གི་ དབྱེ་བཤེར་རིམ་པ་ འགོ་འདྲེན་འཐབ་དགོ་ཟེར་ཨིན་པས།

རྩོད་དོན་དེ་ལུ་ ཉེས་བཤེར་འབད་མི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དྲང་དཔོན་ཀུན་ལེགས་ཚེ་རིང་ལུ་ ཉེས་འཛུགས་མ་འབད་བའི་ཧེ་མར་ ཞིབ་བཤེར་མཐིལ་ཕྱིན་འབད་བའི་མཐའ་མར་ རྩ་ཁྲིམས་ཆེན་མོ་དང་ འབྲེལ་ཡོད་ཁྲིམས་ཡིག་ཚུ་ལུ་ འབྲེལ་གཏུགས་འབད་དེ་ དྲང་དཔོན་ལུ་ ཉེས་བཤེར་འབད་ནི་དེ་ ཁྲིམས་མཐུན་ཨིན་པའི་ མངོན་གསལ་བྱུང་ཡི་ཟེར་ཨིན་པས།

མངོན་མཐོ་ཁྲིམས་འདུན་ལས་ གནས་ཚུལ་བཤད་མི་དང་འཁྲིལཝ་ད་ དྲང་དཔོན་ཀུན་ལེགས་ཚེ་རིང་གི་ དགོངས་ཕོག་བཀའ་རྒྱ་དེ་ སྤྱི་ཟླ་༣ པའི་ཚེས་༥ དང་ དྲང་དཔོན་ཡེ་ཤེས་རྡོ་རྗེ་དེ་ སྤྱི་ཟླ་༣ པའི་ཚེས་༡ ལུ་ དགོངས་ཕོག་བཏང་པའི་ བཀའ་རྒྱ་བཏོན་ཡི་ཟེར་ཨིན་པས།

དྲང་དཔོན་ཀུན་ལེགས་ཚེ་རིང་དེ་ རྩ་ཁྲིམས་ཆེན་མོའི་རྩ་ཚན་༢༡ པ་དང་ རྒྱལ་ཡོངས་ཁྲིམས་སྡེ་ལྷན་ཚོགས་ཀྱི་ གྲོས་འདེབས་དང་འཁྲིལ་ ཉེས་བཤེར་དེ་ མཇུག་མ་བསྡུ་ཚུན་ཚོད་ བཤེར་འཕྲོ་སྐབས་ ཡིག་ཚང་ནང་ལས་ དགོངས་ཕོག་བཏང་ཡོདཔ་ཨིན་པས། 

དེ་བཟུམ་སྦེ་ དྲང་དཔོན་ཡེ་ཤེས་རྡོ་རྗེ་དེ་ རྒྱལ་གཞུང་ཁྲིམས་སྡེ་ཚོགས་སྡེ་གིས་ ཆ་འཇོག་གྲུབ་མི་དང་འཁྲིལ་ དགོངས་ཕོག་གི་ བཀའ་རྒྱ་བཏོན་ནུག།

དྲང་དཔོན་ཀུན་ལེགས་ཚེ་རིང་ལུ་ གྱེན་ལོག་དམག་རྒོལ་གྱི་ རྒྱུད་བསྐུལ་གྱི་གནོད་འགེལ་དང་ ཡིག་ཚང་བྱ་སྤྱོད་ངན་པའི་གནོད་འགེལ་ དེ་ལས་ ཁྲིམས་མཐུན་དབང་འཛིན་ལུ་ རྒོལ་འགོག་གི་གནོད་འགེལ་འཐབ་པའི་ ཉེས་འཛུགས་ཁག་གསུམ་འབད་དེ་ཡོདཔ་ཨིན་པས།

པདྨ་དགའ་ཚལ་གྱི་དྲང་དཔོན་ ཡེ་ཤེས་རྡོ་རྗེ་ལུ་ཡང་ གྱེན་ལོག་དམག་རྒོལ་གྱི་རྒྱུད་བསྐུལ་དང་ གཡོ་སྒྱུ་སམ་ མ་བྱིན་ལེན་པའི་ གནོད་འགེལ་གྱི་ ཉེས་འཛུགས་ཁག་གཉིས་ འབད་དེ་ཡོདཔ་ད་ ད་ལྟོ་ ཐིམ་ཕུག་རྫོང་ཁག་ཉེས་རྩོད་ཁྲིམས་ཁྲི་༡ པའི་ནང་ ཉེས་བཤེར་འབད་བའི་བསྒང་ཡོདཔ་ལས་ བརྒལ་ལན་སྙན་གསན་དེ་ སྤྱི་ཟླ་༣ པའི་ཚེས་༡༧ ལུ་ འབད་ནི་ཨིན་པས།

ད་ལྟོ་ དོ་དམ་འོག་ལུ་ཡོད་མི་ དྲང་དཔོན་གཉིས་ཆ་ར་ ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༢ པའི་ཚེས་༡༦ ལུ་ འཛིན་བཟུང་འབད་ཡོདཔ་ཨིན་པས།

སྤྱི་ཟླ་༣ པའི་ཚེས་༣ ལུ་ སྟ་གོན་སྙན་གསན་འབད་བའི་སྐབས་ རྩོད་དཔོན་ཡོངས་ཁྱབ་ཀྱི་ ཁྲིམས་རྩོདཔ་གཉིས་ཀྱིས་ བྱ་ངན་དེ་ནང་ གྲལ་གཏོགས་ཡོད་མི་ཚུ་ལུ་ མིག་དཔེ་རུང་བའི་ ཉེས་ཁྲིམས་མཐོ་ཤོས་བཀལ་དགོ་པའི་ ཞུ་བ་འབད་ནུག།

ཁོང་གཉིས་ཀྱིས་ གྲལ་གཏོགས་ཡོད་མི་ རྩོད་བཤེར་ནང་ ཡེ་ཤེས་རྡོ་རྗེའི་ གནས་ཚང་བགྲེསཔ་ མཁའ་འགྲོ་དབང་མོ་དང་ སྐུ་སྲུང་དམག་སྡེའི་ བཀོད་དཔོན་བགྲེསཔ་ མདོ་འཛིན་འཕྲིན་ལས་སྟོབས་རྒྱས་ཡང་ ད་ལྟོ་ དོ་དམ་ནང་ ཡོདཔ་ཨིན་པས།

ཁོང་བཞི་ཆ་ར་ འབྲུག་གི་བསྟན་སྲུང་དམག་སྡེའི་གཙོ་འཛིན་ ཕྱིར་བཏོན་འབདནིའི་ གྱོས་ངན་བརྩམས་ཏེ་ གྱེན་ལོག་དམག་རྒོལ་གྱི་ རྒྱུད་བསྐུལ་འབད་བའི་ ཉེས་འཛུགས་འབད་དེ་ཡོདཔ་ཨིན་པས།

ཀུན་ལེགས་ཚེ་རིང་དང་ ཡེ་ཤེས་རྡོ་རྗེ་གཉིས་ཆ་ར་ལུ་ དབྱེ་རིམ་གསུམ་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།

གྱོས་ཅན་བརྩམས་པའི་ རྩོད་དོན་དེ་ཡང་ ཉེས་འཛུགས་ཅན་ ཡེ་ཤེས་རྡོ་རྗེའི་གནས་ཚང་བགྲེསཔ་ མཁའ་འགྲོ་དབང་མོ་དང་ མདོ་འཛིན་བགྲེསཔ་༢ ཀྱིས་ གཡོ་སྒྱུ་དང་ སྒྲིག་ཆས་རྫུས་བཟོ་ དེ་ལས་ གཡོ་སྒྱུའི་ཐོག་ལས་ ཡེ་ཤེས་རྡོ་རྗེའི་ རྒྱུ་དངོས་ཚུ་ གཏའ་མ་བཙུགས་ཏེ་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ལས་ སྐྱིན་འགྲུལ་ལེན་བཅུག་ཡོད་པའི་སྐོར་དང་ བསྟན་སྲུང་དམག་སྡེའི་ དམག་སྲིད་ཀརྨ་བློ་གྲོས་བསམ་འཕེལ་གྱིས་ཡང་ མཁའ་འགྲོ་དབང་མོ་དང་ མདོ་འཛིན་བགྲེསཔ་གིས་ ཁོ་ལུ་ སྡུག་སྤྱོད་འབད་བའི་ ཉོགས་བཤད་ཚུ་ ཁྲིམས་སྲུང་འགག་སྡེ་ལུ་ བཙུགས་པའི་ཤུལ་ལས་ ཞིབ་དཔྱད་འབདཝ་ད་ ཐོན་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *