དྲང་ཁྲིམས་ལྷན་སྡེ་ནང་ ལེགས་བསྒྱུར་སོང་ཡོད་རུང་ བློ་གཏད་དང་ ཡིད་ཆེས་ཡར་དྲག་གཏང་དགོཔ།

༉ རྒྱལ་ཁབ་ནང་ དྲང་ཁྲིམས་ལྷན་སྡེ་ཟེར་ དང་པ་ར་ སྤྱི་ལོ་༡༩༥༠ ང་གྲངས་ཀྱི་ ཕྱིས་ཁམས་ཅིག་ཁར་ རྫོང་ཁག་ཁྲིམས་འདུན་ལས་སྦེ་ གཞི་བཙུགས་འབད་དེ་ ལོ་༦༠ ལྷག་སོང་རུང་ ཆེ་མཐོ་ཁྲིམས་འདུན་ འགོ་བཙུགས་ཏེ་ ལོ་ངོ་༥༠ མ་གཏོགས་ མ་ལང་པས།
སྤྱི་ལོ་༢༠༡༠ ལུ་ མངོན་མཐོ་ཁྲིམས་འདུན་ གཞི་བཙུགས་མ་འབད་ཚུན་ཚོད་ ཆེ་མཐོ་ཁྲིམས་འདུན་དེ་ མཐོ་གཏུགས་དབང་འཛིན་མཐོ་ཤོས་ཅིག་སྦེ་ གནས་ཡོདཔ་བཞིན་དུ་ འདས་པའི་ལོ་ངོ་བཅུ་ཕྲག་༥ གི་རིང་ མི་མང་ལུ་ ཕན་རླབས་ཆེ་བའི་ དྲང་ཁྲིམས་ཀྱི་ ཞབས་ཏོག་ཚུ་ མ་བཏུབ་བཏུབ་སྦེ་ ཕུལ་བའི་སྐབས་ ཁྲིམས་འདུན་གྱི་ ས་གོ་དེ་ཡང་ ལན་ཐེངས་གསུམ་ སྤོ་བཤུད་འབད་ནུག།
བདུན་ཕྲག་འདི་ནང་ ཆེ་མཐོ་ཁྲིམས་འདུན་དེ་ མངོན་མཐོ་ཁྲིམས་འདུན་གྱི་ ས་ཁོངས་ནང་ སྤོ་བཤུད་འབདཝ་དང་འབྲེལ་ ཆེ་མཐོ་ཁྲིམས་འདུན་གཞི་བཙུགས་འབད་དེ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་འབད་མི་དེ་གིས་ དྲང་ཁྲིམས་ལྷན་སྡེ་དེ་ ད་རུང་ རྒྱལ་རབས་གསརཔ་ཅིག་ནང་འཛུལ་བའི་ མངོན་གསལ་བྱུང་ཡི།
འདི་བཟུམ་མའི་ དུས་སྟོན་བརྩི་སྲུང་འབད་མི་དེ་ གཞི་བཙུགས་ཀྱི་ཉིནམ་ རྐྱངམ་གཅིག་མེན་པར་ མི་མང་ལུ་ དྲང་ཁྲིམས་ཀྱི་ ཐོབ་སྤྱོད་སྟབས་བདེ་ཏོག་ཏོ་དང་ འཇམ་ཏོང་ཏོ་བཟོ་བའི་ ལེགས་ཐོན་གྱི་ གྲུབ་འབྲས་གསལ་སྟོན་འབད་ཐབས་ལུ་ཨིན་མས།
རྒྱལ་ཁབ་ནང་འཁོད་ལུ་ ཁྲིམས་འདུན་ཚུ་ འགོ་བཙུགས་པའི་ ནམ་དུས་ལུ་ དྲང་དཔོན་དང་ རྩོད་དྲུང་ཚུ་ལུ་ ཁྲིམས་ཀྱི་ཤེས་ཡོན་ཚུལ་ལྡན་མེད་པའི་ གདོང་ལེན་ཚུ་ བྱུང་ཡོད་རུང་ ད་རེས་ནངས་པར་ ཁྲིམས་ཀྱི་ཕྱག་ལཱ་གནང་མི་ག་ར་ ཡོན་ཏན་གྱི་གཞི་ལེགས་ཤོམ་དང་ ལྕོགས་གྲུབ་ཅན་ཡོད་མི་ ཙང་ཙ་ཨིནམ་ལས་ རྩོད་གཞི་ག་ཅི་བཟུམ་ཡོད་རུང་ ཁྱད་རིག་ཅན་སྦེ་ སེལཝ་ཨིན་མས།
དྲུང་ཁག་ལས་ རྫོང་ཁག་ཁྲིམས་འདུན་ དེ་ལས་ ཆེ་མཐོ་ལས་ མངོན་མཐོ་ཁྲིམས་འདུན་ཚུན་ཚོད་ཚུད་མི་ དྲང་ཁྲིམས་ལྷན་སྡེའི་ འགན་ཁུར་ངོ་མ་ར་ ཁྲིམས་ཀྱི་རིང་ལུགས་དང་འཁྲིལ་ཏེ་ བློ་གཏད་དང་ ཡིད་ཆེས་ཀྱི་ བསྐུལ་མ་དང་ དྲང་ཁྲིམས་སྨིན་ཐབས་འཕེལ་རྒྱས་གཏང་ནི་ལུ་ འཇིགས་སྣང་ ཡང་ཅིན་ མཐུན་འགྱུར་ འོས་མེད་བསྣར་འགྱངས་མེད་པར་ དྲང་སྙོམས་དང་ རང་དབང་གི་ བདག་སྐྱོང་ཐོག་ལས་ དྲང་ཁྲིམས་ཀྱི་ ཉེན་སྲུང་དང་ བརྩི་བཀུར་ཞུ་ནི་དེ་ཨིན།
ཨིན་རུང་ འདས་པའི་ལོ་ངོ་དག་པ་ཅིག་ལས་ དྲང་ཁྲིམས་ལྷན་སྡེ་ལུ་ མི་མང་ལས་ བློ་གཏད་དང་ ཡིད་ཆེས་མར་ཉམས་འགྱོ་བའི་ མངོན་གསལ་བྱུང་མི་དེ་ཡང་ རྩོད་དོན་ལ་ལོ་ཅིག་ནང་ དྲང་དཔོན་ལུ་ ཁེ་ཕན་ལྟག་སྤྲོད་ཡོད་རུང་ སྙན་གསན་མཛད་དེ་ འཁྲུན་ཆོད་གནང་མི་དང་ རྩོད་བཤེར་ལ་ལོ་ཅིག་ བསྣར་འགྱངས་བཞག་པའི་ ཉོགས་བཤད་བཀོད་མི་ ཐོན་པའི་ཁར་ ཁྲིམས་འདུན་གོང་འོག་ཚུ་ནང་ འཁྲུན་ཆོད་མ་འདྲཝ་ ཐོན་མི་ལུ་བརྟེན་ཨིན་མས།
མ་གཞི་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་བ་ཅིན་ དྲང་དཔོན་ཚུ་གིས་ འཇིགས་སྣང་ ཡང་ཅིན་ མཐུན་འགྱུར་ འོས་མེད་བསྣར་འགྱངས་མེད་པར་ དྲང་སྙོམས་དང་ རང་དབང་གི་ བདག་སྐྱོང་ཐོག་ལས་ རྩོད་གཞི་ཕྱེ་དགོཔ་ཨིན་རུང་ རྩོད་དོན་ལ་ལོ་ཅིག་ནང་ དྲང་དཔོན་གཅིག་གིས་གཅིག་ལུ་ རྒྱུད་བསྐུལ་འབད་བའི་ ལོ་རྒྱུས་ཚུ་ཡང་གོཝ་མས།
འདི་འབདཝ་ལས་ སྤྱི་ཟླ་༦ པའི་ཚེས་༢ ལུ་ ཆེ་མཐོ་ཁྲིམས་འདུན་ སྤོ་བཤུད་དང་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་སྐབས་ མི་དབང་རྒྱལ་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ ད་ཚུན་གྱི་བར་ན་ བཅའ་ཁྲིམས་དང་ སྲིད་བྱུས་ཚུ་ ལེས་ཤོམ་སྦེ་བརྩམས་གནང་ ཁྲིམས་ཀྱི་གཙུག་སྡེ་གསརཔ་ གཞི་བཙུགས་འབད་དེ་ སྤྱིར་བཏང་མི་མང་ལུ་ ཁྲིམས་ཀྱི་ཞབས་ཏོག་ལེན་ནི་དེ་ སྟབས་བདེ་ཏོག་ཏོ་ ཡར་སོང་རུང་ ང་བཅས་ར་ ལེགས་ཤོམ་ཡར་སོང་ཡི་ཟེར་ མནོ་བསམ་བཏང་མ་སྡོད་པར་ རིགཔ་སྒྲིམ་དགོ་ཟེར་ གསུངས་མི་དེ་ལུ་ དོན་དག་སྦོམ་ཡོད་མི་དེ་ཡང་ ང་བཅས་རའི་ དྲང་དཔོན་ཚུ་གིས་ ཕྱག་ལཱ་གནངམ་ད་ ཀུན་སྤྱོད་རྣམ་གཞག་དང་ བསམ་པ་སེམས་བསྐྱེད་བཟང་པོའི་ཐོག་ལས་ ཕྱག་ལཱ་མ་གནང་པ་ཅིན་ མི་མང་གིས་ དྲང་ཁྲིམས་མི་འཐོབ་ནིའི་ ཉེན་ཁ་ཡོད་པའི་ བརྡ་འཕྲིན་ཨིན་མས།
འདི་འབདཝ་ལས་ དྲང་ཁྲིམས་ལྷན་སྡེའི་ནང་ ཕྱག་ལཱ་གནང་མི་ཚུ་གིས་ མི་མང་ལས་ བློ་གཏད་དང་ ཡིད་ཆེས་འཐོབ་ཚུགས་ནིའི་དོན་ལུ་ ཕྱོགས་ལྷུང་དང་ མཐུན་འགྱུར་ འཇིགས་སྣང་མེད་པར་ ཁྱད་རིག་གྱི་སྒོ་ལས་ དྲང་ཁྲིམས་ཀྱི་ ཞབས་ཏོག་ཕུལ་ནི་དེ་ ག་ནི་བ་གལ་ཆེ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *