དྲང་ཁྲིམས་འདྲ་མཉམ་གྱི་དོན་ལུ་ ལུང་ཕྱོགས་ཆེ་མཐོའི་ཁྲིམས་འདུན་ གཞི་བཙུགས་འབད་དགོཔ།

༉ ཁ་ཙ་ སྤྱི་ཚོགས་ལྷན་བཞུགས་ནང་ དམངས་རྩིས་ཚོགས་ཆུང་གིས་ སྙན་ཞུ་ཕུལ་མིའི་ནང་གསེས་ དྲང་ཁྲིམས་ལྷན་སྡེའི་ རྩིས་ཞིབ་སྙན་ཞུ་ཟིན་བྲིས་ལུ་ གསུང་གྲོས་གནང་པའི་སྐབས་ མི་སེར་ཚུ་ལུ་ མཐོ་གཏུགས་ཞབས་ཏོག་ལེགས་ཤོམ་སྦེ་ སྤྲོད་ནིའི་དོན་ལུ་ ཆེ་མཐོ་ཁྲིམས་འདུན་ ཐེབས་གཞི་བཙུགས་འབད་དགོ་པའི་ གྲོས་འདེབས་ཕུལ་ཡི།

དེ་ཡང་ དམངས་རྩིས་ཚོགས་ཆུང་གིས་ཕུལ་མི་ གྲོས་འདེབས་ཁག་༣ ཡོད་མིའི་གུ་ ད་རུང་ གྲོས་འདེབས་ཐེབས་༣ བཀོད་མིའི་གྲས་ལས་ གཅིག་ཨིན་པས།

ཆེ་མཐོའི་ཁྲིམས་འཐུན་གྱི་ ཁྲིམས་ཁྲི་ཚུ་ཡང་ འབད་ཚུགས་པ་ཅིན་ ཤར་ཕྱོགས་དང་ ལྷོ་མཚམས་ལུང་ཕྱོགས་ཚུ་ནང་ གཏན་འཇགས་ཀྱི་ཁྲིམས་མདུན་སྦེ་ར་ གཞི་བཙུགས་འབད་དགོཔ་ད་ དེ་མེན་པ་ཅིན་ འགྲུལ་སྐྱོད་ཁྲིམས་ཁྲི་ཚུ་ གཞི་བཙུགས་འབད་དགོཔ་སྦེ་ཞུ་ཡི།

བསམ་གྲུབ་ལྗོངས་མཁར་གྱི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་འམ་ ཁྲི་འཛིན་འོག་མ་ འཇིགས་མེད་དབང་ཕྱུག་གིས་ ཞུ་མིའི་ནང་ ད་རེས་ ཆེ་མཐོ་ཁྲིམས་འདུན་དེ་ ཐིམ་ཕུག་ལུ་རྐྱངམ་གཅིག་ འབད་ནི་དེ་གིས་ དུས་ཚོད་འགོར་བའི་ཁར་ ཟད་འགྲོ་ལེ་ཤ་གཏང་དགོཔ་ལས་ ལུང་ཕྱོགས་ཚུ་ནང་ལས་ཕར་ཡོད་མི་ མི་སེར་མང་རབས་ཅིག་གི་ རང་སོའི་ རྫོང་ཁག་ཁྲིམས་འདུན་ལས་གནང་མི་ འཁྲུན་ཆོད་ཚུ་ལུ་ ཡིད་ཆེས་མ་འདྲོངས་རུང་ མཐོ་གཏུགས་ཞབས་ཏོག་ཚུ་ ལེན་མ་ཚུགས་པར་ ལུས་ཏེ་ཡོད་ཟེར་ཞུ་ཡི།

འཐུས་མི་གིས་འབད་བ་ཅིན་ ད་རེས་ དྲང་ཁྲིམས་ལྷན་སྡེའི་ གནས་སྡུད་དང་འཁྲིལ་རུང་ ཐིམ་ཕུག་དང་ ཉེ་འདབས་ཀྱི་ས་ཁོངས་ཚུ་ལས་ རྩོད་གཞི་ཡོངས་བསྡོམས་ལས་ བརྒྱ་ཆ་༡༥ གིས་ མཐོ་གཏུགས་འབད་ཡོདཔ་ཨིན་རུང་ ཤར་ཕྱོགས་ལས་ བརྒྱ་ཆ་༧ དང་ ལྷོ་ཕྱོགས་ལས་ བརྒྱ་ཆ་༨ ཀྱིས་མ་གཏོགས་ མཐོ་གཏུགས་མ་འབད་བས་ཟེར་ཞུ་ཡི།

ཁྲི་འཛིན་འོག་མ་གིས་འབད་བ་ཅིན་ ལུང་ཕྱོགས་ཚུ་ནང་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་གཞི་བཙུགས་ འབད་མི་གིས་ མི་སེར་ཚུ་ལུ་ དྲང་ཁྲིམས་ཀྱི་དལ་དབང་ འདྲ་མཉམ་འཐོབ་ཚུགས་ནི་དང་ ཆེ་མཐོའི་ཁྲིམས་འདུན་གྱི་ དྲང་ཁྲིམས་ཐབས་འགྱུར་འཆར་གཞི་ནང་ཡང་ ལུང་ཕྱོགས་ནང་ ཆེ་མཐོ་ཁྲིམས་འདུན་གྱི་ ཞབས་ཏོག་ཚུ་ གཞི་བཙུགས་འབད་དགོཔ་སྦེ་ འཁོད་དེ་འདུག་ཟེར་ཞུ་ཡི།

གྲོས་འདེབས་གཉིས་པའི་ཐད་ལུ་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དོན་ཚན་༩.༦ པའི་དགོངས་དོན་ལྟར་ མི་སེར་ཚུ་ལུ་ དྲང་ཁྲིམས་འཐོབ་ཚུགསཔ་བཟོ་ནིའི་ ལྷན་ཐབས་ཀྱི་དོན་ལུ་ ཁྲིམས་ཀྱི་བཏེགས་གསོ་ གཞི་བཙུགས་འབད་དགོཔ་ཡོད་མི་དང་འཁྲིལ་ གཞུང་གིས་ ཐབས་ལམ་བཏོན་དགོཔ་ཨིན་པས།

དེ་བཟུམ་སྦེ་ གྲོས་འདེབས་༣ པ་དེ་ ད་ལྟོ་ཚུན་ འབྲུག་གི་ཁྲིམས་སྡེའི་ལཱ་གཡོག་གི་བཅའ་ཁྲིམས་༢༠༠༧ ཅན་མ་དེ་ ལག་ལེན་འཐབ་པའི་སྐབས་ བྱ་སྟབས་མ་བདེཝ་ ལེ་ཤ་ཅིག་ར་ ཡོད་མི་དང་འཁྲིལ་ དྲང་ཁྲིམས་ལྷན་སྡེ་གིས་ སྤྱི་ཚོགས་ལུ་ བཅའ་ཁྲིམས་འཕྲི་སྣོན་གྱི་ གྲོས་འབུལ་ཕུལ་དགོཔ་དེ་ཨིན་པས།

དེ་བཟུམ་སྦེ་ ཚོགས་ཆུང་གིས་ཕུལ་མི་ གྲོས་འདེབས་ཁག་༤ འབད་མི་ཚུ་ཡང་ རྫོང་ཁག་ཚུ་ནང་ རྩོད་གཞི་ཚུ་ དུས་ཐོག་དང་ འཇོན་ཐངས་ཅན་སྦེ་ འགོ་འདྲེན་འཐབ་ཚུགསཔ་ བཟོ་ནི་དང་ དྲང་དཔོན་གྱི་ཕྱག་འགན་ཚུ་ མར་ཕབ་འབད་ནིའི་དོན་ལུ་ དྲང་དཔོན་རབ་འབྱམས་དང་ རྩོད་འཛིན་འགོ་དཔོན་ཚུ་ ཐེབས་བཙུགས་འབད་དགོཔ་ དེ་ལས་ མཐོ་གཏུགས་འབད་བའི་སྐབས་ ལོག་ཅི་ར་ ཞུ་ཡིག་ཕུལ་མ་དགོ་པར་ མཐོ་གཏུགས་ཞུ་ཡིག་ དང་པ་དེ་ནང་ར་ མཐོ་གཏུགས་འབད་དགོ་པའི་ གནད་དོན་ཚུ་ ཧིང་སངས་ས་སྦེ་ བཀོད་དགོཔ་དེ་ཨིན་པས།

དེ་བཟུམ་སྦེ་ དཔང་བཞག་གི་ཏབས་ཏོག་ཚུ་ མ་གཞི་ ཁག་ཆེཝ་ཨིན་རུང་ ཐད་ཀར་དྲང་ཁྲིམས་ལྷན་སྡེའི་འོག་ལུ་ མེན་མི་ལུ་བརྟེན་ ད་ལས་ཕར་ དཔང་བཞག་གི་ཞབས་ཏོག་དེ་ དྲང་ཁྲིམས་ལྷན་སྡེ་ལས་ ཕྱིར་བཏོན་འབད་དགོཔ་དེ་ཨིན་པས།

ཧཱ་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ཨོ་རྒྱན་རྣམ་རྒྱལ་གྱིས་ ཞུ་མིའི་ནང་ ད་ལྟོའི་གནས་སྟངས་ལུ་བལྟ་རུང་ དྲང་ཁྲིམས་ལྷན་སྡེའི་ནང་ ལག་ལེན་ལེ་ཤ་ཅིག་ འབྲུག་གི་ཁྲིམས་སྡེ་ལཱ་གཡོག་གི་བཅའ་ཁྲིམས་༢༠༠༧ ཅན་མ་དང་ མ་མཐུནམ་སྦེ་ཡོདཔ་ལས་ བཅའ་ཁྲིམས་དེ་ བསྒྱུར་བཅོས་འབད་ནིའི་དུས་ཚོད་ རན་ནུག་ཟེར་ཞུ་ཡི།

ཚོགས་ཆུང་གིས་བཀོད་མི་ གྲོས་འདེབས་དང་པ་ རྫོང་ཁག་ཚུ་ནང་ དྲང་དཔོན་རབ་འབྱམས་དང་ རྩོད་འཛིན་འགོ་དཔོན་ཚུ་ བསྐོ་བཞག་འབད་དགོཔ་ཡོད་མི་ལུ་ ཁྱད་ལྡན་གྱི་འཐུས་མི་ ཨོ་རྒྱན་ཚོ་རིང་གིས་ ཞུ་མིའི་ནང་ ཁྲིམས་དོན་འགོ་དཔོན་ཚུ་ ཐེབས་བཙུགས་དགོ་ཟེར་བའི་སྐབས་ ཁྱད་ཆོད་ཚང་དགོཔ་ ལེ་ཤ་ཡོདཔ་ལས་ མི་ངོ་ཚུ་ ག་ཏེ་ལས་འཐུ་སྟེ་ བཙུགས་ནི་ཨིན་ན་ཚུ་ ལེགས་ཤོམ་སྦེ་ བལྟ་དགོཔ་ཡོད་ཟེར་ཞུ་ཡི།

སྤྱིར་བཏང་ཁྱད་ཆོས་ཚུ་ནང་ སྒེར་སྡེའི་ནང་ ཁྲིམས་དོན་གྱི་ལཱ་འབད་དེ་ ལོ་༧ རེ་ལང་མི་ཚུ་གིས་ཡང་ དྲང་ཁྲིམས་ལྷན་སྡེའི་ནང་ ལཱ་གཡོག་གི་དོན་ལུ་ འཛུལ་ཞུགས་འབད་ཆོགཔ་སྦེ་ ཡོདཔ་ཨིན་རུང་ ད་རེས་ ལམ་ལུགས་དེ་ ལག་ལེན་ཐོག་ལུ་ མེད་ཟེར་ཞུ་ཡི།

དེ་བཟུམ་སྦེ་ དྲང་དཔོན་ཚུ་ དྲང་ཁྲིམས་ལྷན་སྡེའི་འོག་ལུ་དང་ དྲང་དཔོན་རབ་འབྱམས་དང་ རྩོད་འཛིན་འགོ་དཔོན་ཚུ་ ཞི་གཡོག་ལྷན་ཚོགས་འོག་ལུ་ཨིནམ་ལས་ དེ་དང་འབྲེལ་བའི་ དཀའ་ངལ་ཚུ་ཡང་ཡོད་ཟེར་ གསལ་ཞུ་འབད་ཡི།

གྲོས་འདེབས་ཚུ་ཡང་ སྤྱི་ཚོགས་ཀྱིས་ གཞུང་ལུ་ཕུལ་ཡོདཔ་བཞིན་དུ་ གཞུང་གིས་ དྲང་ཁྲིམས་ལྷན་སྡེ་དང་ མཉམ་འབྲེལ་འབད་དེ་ ཐབས་ལམ་ཚུ་ བཏོན་དགོཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *