དྭངས་གསལ་ཅན་གྱི་ ལམ་ལུགས་དགོཔ།

༉ ཧེ་མ་འབད་བ་ཅིན་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ དམིགས་བསལ་དུ་ བཀོད་ཁྱབ་གནས་རིམ་ཐོག་གི་ ཞི་གཡོགཔ་ཅིག་ སྙན་ཞུ་འབད་དགོ་པའི་ བཀའ་རྒྱ་བཏངམ་ད་ ཁོ་མོ་ག་ཨིན་རུང་ ལཱ་ལེགས་ཤོམ་མ་འབད་མི་ལུ་བརྟེན་ དོན་དག་གཅིག་མ་གཏོགས་ གཞན་མེདཔ་ཨིན་མས།

འཕྲལ་ཁམས་ཅིག་ཁར་ ལྷན་ཚོགས་ཀྱིས་ ཀྲོང་གསར་རྫོང་བདག་ ལོག་འབོ་ཡོདཔ་ད་ དེ་ཡང་ ལྷན་ཚོགས་ཀྱིས་འབད་བ་ཅིན་ སྲིད་བྱུས་དང་འབྲེལ་བའི་ གནད་དོན་ཚུ་ལུ་བརྟེན་ཨིན་ཟེར་ རྒྱུ་མཚན་བཀོདཔ་ཨིན་མས།

དེ་འབདཝ་ད་ ཀྲོང་གསར་གྱི་ མི་སེར་ཚུ་དང་ གནད་དོན་རྗེས་དཔྱད་འབད་མི་ཚུ་ བདེན་འཛིན་རེ་ནི་དང་ ཡིད་ཆེས་བསྐྱེད་མ་ཚུགས་པའི་ གནས་སྟངས་ཅིག་ལུ་གྱུར་ནུག།

ལྷན་ཚོགས་ཀྱིས་འབད་རུང་ རྫོང་ཁག་གི་ བཀོད་ཁྱབ་གཙོ་འཛིན་ ལོག་འབོ་དགོ་པའི་ གནད་དོན་དང་རྒྱབ་ཁུངས་ ཁ་གསལ་ཅིག་སྦེ་ མ་ཤེས་པར་ཡོདཔ་ལས་ སྤྱིར་བཏང་མི་ཚུ་ལུ་ དོགས་ཟོན་བསྐྱེད་ནི་དང་ མ་བདེན་པའི་འཐོར་གཏམ་ཚུ་ ཁྱབ་སྤེལ་འགྱོ་ནི་ འགོ་བཙུགས་ནུག།

རྫོང་ཁག་ཚུ་ནང་འབད་བ་ཅིན་ དྲགོས་རྫོང་བདག་དེ་ དབང་འཛིན་མཐོ་ཤོས་ཅིག་ཨིནམ་ལས་ ཁོ་དང་གཅིག་ཁར་ འབྲེལ་གནད་ག་ཅི་ར་འཐོན་རུང་ ཤེས་འདོད་ཅན་གྱི་ གནས་རིམ་ཅིག་སྦེ་ ཐོནམ་ཨིན་མས།

མ་གཞི་ བརྡ་བརྒྱུད་ཀྱིས་ ལྷན་ཚོགས་ལུ་ དྲི་བཀོད་འབདཝ་ད་ ལན་དྭངས་གསལ་སྦེ་ འོང་དགོཔ་ཅིག་ཨིན་རུང་ སྲིད་བྱུས་དང་འབྲེལ་བའི་ གནད་དོན་ཚུ་ལུ་བརྟེན་ ལྷན་ཚོགས་ལུ་ སྙན་ཞུ་འབད་དགོཔ་ཨིན་ཟེརཝ་ད་ ང་བཅས་ར་ ག་ར་གིས་ མཁྱེན་གསལ་ཆེ་དོ་བཟུམ་སྦེ་ དེ་གིས་ དོགས་སྣང་འབྱུང་ནི་དང་ ལོ་རྒྱུས་འདྲ་མིན་སྣ་ཚོགས་བཤད་སའི་ ས་གོ་ཅིག་ལུ་ གྱུརཝ་ཨིན་མས།

གལ་སྲིད་ འཐུས་ཤོར་དང་ འཇོན་ཐངས་མེད་པ་ཅིན་ ལྷན་ཚོགས་ཀྱིས་ དྭངས་གསལ་ཐོག་ལས་ དྲི་དཔྱད་འབད་ནི་དང་ རྫོང་བདག་ཁོ་རང་ལུ་ བསམ་བཤད་འབད་ནིའི་ གོ་སྐབས་བྱིན་དགོཔ་མ་ཚད་ ཁ་ཉེས་བཀལ་མི་ཚུ་ ངེས་བདེན་ཨིན་པ་ཅིན་ ལྷན་ཚོགས་ཀྱིས་ ངོས་ལེན་སྒྲིང་སྒྲི་འབད་དགོཔ་ཨིན།

འདི་གིས་ ཞི་གཡོགཔ་ཚུ་ལུ་ ནུས་ཤུགས་ཅན་གྱི་ བརྡ་འཕྲིན་སྤེལ་ཚུགས་ནི་ཨིནམ་ཚད་ ལྷག་པར་དུ་ འཐུས་ཤོར་བྱུང་མི་ཚུ་ ལྷན་ཚོགས་ལུ་ བཟོད་བསྲན་མེད་པའི་ བརྡ་མཚོན་སྟོནམ་ཨིན།

སྤྱི་ལོ་༢༠༡༨ ལུ་ རྫོང་བདག་གི་ གོ་གནས་ཐོག་ལུ་ གདམ་འཐུ་འབད་མི་ ལྷན་ཚོགས་གཅིག་གིས་ ད་རེས་ སྲིད་བྱུས་ཀྱི་གནད་དོན་ཐོག་ལུ་ རྒྱུ་མཚན་བཀོད་ནི་དེ་ འོས་ལྡན་ཅིག་མེདཔ་ད་ མི་ཚུ་གིས་ ལྷན་ཚོགས་ལས་ ལན་གསལ་གྱི་ རེ་འདོད་བཀོད་མི་དེ་ཡང་ ཁྱད་འཕགས་དབྱེ་ཁག་ནང་ཚུད་པ་ཅིན་ དེ་བསྒང་ གདམ་འཐུ་མ་འབད་བའི་ཧེ་མ་ལས་ར་ སྲིད་བྱུས་དང་ ག་ཅི་སྦེ་ འབྲེལ་གཏུག་མ་འབདཝ་སྨོ་ཟེར་ཨིན་མས།

འདི་བཟུམ་མའི་ གནད་དོན་ཐོན་མི་ལུ་ལྟཝ་ད་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ མི་མང་གི་ འགན་འཁྲི་འབག་ནིའི་ནང་ འཐུས་ཤོར་བྱུང་བའི་ རྟགས་མཚན་ཅིག་ཨིན་མས།

ཞི་གཡོག་དེ་ གཙུག་སྡེ་ཁག་ཆེ་ཤོས་ཅིག་ཨིནམ་ལས་ ཁོང་རའི་ འཇོན་ཐངས་དེ་ཡང་ ཞབས་ཏོག་མཁོ་སྤྲོད་འབད་ནི་ལུ་ རག་ལསཔ་ཨིན་མས།

ང་བཅས་རའི་ རིམ་མང་གཞུང་ལུགས་ཀྱིས་ འདས་པའི་རིང་ལུ་ ལམ་ལུགས་མ་འདྲ་བའི་ཐོག་ལས་ ལག་ལེན་འཐབ་ཡོདཔ་ད་ ད་རེས་ནངས་པར་ དྭངས་གསལ་དང་ འགན་འཁྲི་ལུ་ རེ་འདོད་བསྐྱེད་དེ་ གཙོ་བོར་བཏོནམ་ཨིན་མས།

དྭངས་གསལ་དང་ འགན་འཁྲི་མེདཔ་ད་ར་ བདག་སྐྱོང་ནང་ ཡུན་འགྱངས་ལུས་པའི་ཁར་ ལམ་ལུགས་ནང་ འཐུས་ཤོར་བྱུང་མི་དེ་གིས་ མཐའན་མཇུག་ཁར་ མི་མང་གི་ ཞབས་ཏོག་མཁོ་སྤྲོད་འབད་ནི་ལུ་ བར་ཆད་རྐྱབ་ཨིན་མས།

མ་གཞི་ ཞི་གཡོག་ལམ་ལུགས་ ལེགས་བསྒྱུར་འབད་དགོ་པའི་ བཀའ་རྒྱ་ཕེབས་མི་དང་བསྟུན་ ད་རེས་ འགྲོ་འགྲུལ་བཀག་དམ་འབད་བའི་སྐབས་ དཀའ་ངལ་ཐོན་མི་ཚུ་ སེལ་ཐབས་འབད་ནིའི་ གོ་སྐབས་བཟང་པོ་འདུག།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *