ཀུར་སྟོད་དོམ་མཁར་གཡུས་ཚན།

དོམ་མཁར་གཡུས་ཚན་ནང་ ཆུ་ཞིང་ཨེ་ཀར་༤༠༠ དེ་ཅིག་ རྒྱ་བསྐྱེད་འབད་བའི་བསྒང་ཡོདཔ།

༉ དོམ་མཁར་གཡུས་ཚན་དེ་ ལྷུན་རྩེ་ བཙན་མཁར་རྒེད་འོག་ལས་ ཀི་ལོ་མི་ཊར་༢༠ ལྷགཔ་ཅིག་ སྣུམ་འཁོར་ནང་འགྱོ་བའི་ཤུལ་ལས་ བྱག་གཟར་དྲགས་ཀྱིས་ བསྐོར་ཡོད་པའི་སྦུག་ལུ་ ཐང་བདེ་ཏོག་ཏོ་ཅིག་ནང་ ཆགས་ཏེ་འདུག།

གུང་པ་༩༠ དེ་ཅིག་འབད་མི་ དོམ་མཁར་གཡུས་ཚན་གྱི་ མི་སེར་ཚུ་ འཚོ་བ་གཙོ་བོ་ འབྱ་ལུ་བརྟེན་སྡོད་དོ་ཡོདཔ་ཨིན་རུང་ གེ་ཟ་དང་ ཀེ་བ་ དེ་ལས་ ཚོད་བསྲེའི་རིགས་ཚུ་ཡང་ འཛུགས་སྐྱོང་འབད་དོ་ཡོདཔ་ཨིན་པས།
ད་རེས་ནངས་པར་ གཡུས་ཚན་དེ་ནང་ ཆུ་ཞིང་ཨེ་ཀར་༡༠༠ ལས་བཅད་དེ་ ས་རྐོ་འཕྲུལ་ཆས་ཨེསི་ཀེ་བེ་ཊར་༢ ཀྱིས་ ཨ་རིང་ལེབ་ཆུང་ཀུ་ཚུ་ རྒྱ་བསྐྱེད་བཏང་པའི་བསྒང་འདུག།
བཙན་མཁར་རྒེད་འོག་ལས་ སོ་ནམ་རྒྱ་བསྐྱེད་ལས་རོགསཔ་ ཕུརཔ་འཕྲིན་ལས་ཀྱིས་ སླབ་མིའི་ནང་ དོམ་མཁར་ལུ་ གུང་པ་༤༥ ལྷགཔ་ཅིག་གི་ ཆུ་ཞིང་ཨེ་ཀར་༡༠༠ དེ་ཅིག་ གནམ་དགུན་ལུ་ སྟོངམ་མ་བཞག་པར་ ཚོད་བསྲེ་འཛུགས་སྐྱོང་འབད་ནིའི་དོན་ལུ་ སོ་ནམ་སྡེ་ཚན་དང་ སོ་ནམ་ལས་ཁུངས་ཀྱིས་ རྒྱབ་སྐྱོར་འབད་དེ་ཡོད་ཟེར་ཨིན་པས།
གནད་དོན་དེ་ཡང་ དུས་ཅི་ སོ་ནམ་དང་ནགས་ཚལ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ དོམ་མཁར་གཡུས་ཚན་ནང་ ལྟ་སྐོར་འབད་བའི་སྐབས་ མི་སེར་ཚུ་གིས་ ས་ཞིང་གོང་འཕེལ་གཏང་ཐབས་ལུ་དམིགས་ཏེ་ ཨ་རིང་ལེབ་ཆུང་ཀུ་ཚུ་ནང་ ལཱ་འབདཝ་ད་ སྟབས་མ་བདེ་བའི་ཁར་ ཐོན་སྐྱེད་ཡང་ ཉུང་སུ་ལས་བརྒལ་མེད་ནི་དེ་གིས་ རྒྱ་བསྐྱེད་འབད་ནིའི་ སྐྱིད་སྡུག་ཞུ་ཡོདཔ་ཨིན་པས།
སོ་ནམ་བློན་པོ་གིས་ ཚོང་དོན་སོ་ནམ་དང་ འཚོ་ཐབས་ཡར་སེང་ལས་རིམ་གྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ས་ཞིང་གོང་འཕེལ་གཏང་ཐབས་ལུ་ ས་རྐོ་འཕྲུལ་ཆས་ ཨེསི་ཀེ་བེ་ཊར་༢ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
ཕུརཔ་འཕྲིན་ལས་ཀྱིས་ སླབ་མིའི་ནང་ མ་གཞི་ མི་སེར་ཚུ་གིས་ ལོ་བསྟར་བཞིན་དུ་ འབྱ་འཛུགས་སྐྱོང་འབད་དེ་ བཟའ་སྤྱོད་འབད་བའི་ཤུལ་ལས་ ས་ཞིང་སྟོངམ་སྦེ་མ་བཞག་པར་ གནམ་དགུན་ལུ་ཡང་ ཚོད་བསྲེའི་རིགས་ཚུ་ འཛུགས་སྐྱོང་འབད་བཅུག་ནི་ལུ་དམིགས་ཏེ་ ཆུ་ཞིང་ཨེ་ཀར་༨༠ དེ་ཅིག་ རྒྱ་བསྐྱེད་འབད་ནི་སྦེ་ མི་སེར་ཚུ་དང་ གྲོས་འཆམ་བྱུང་མི་དང་འཁྲིལ་ འཕྲུལ་ཆས་ཚུ་ བྱིན་ཏེ་ཡོད་ཟེར་ཨིན་པས།
ཚོང་དོན་སོ་ནམ་དང་ འཚོ་ཐབས་ཡར་སེང་ལས་རིམ་གྱིས་ དངུལ་ཀྲམ་༤༠༠,༠༠༠ ལྷགཔ་ཅིག་ རྒྱབ་སྐྱོར་འབད་ཐོག་ལས་ ས་རྐོ་འཕྲུལ་ཆས་༢ ལེན་ཡོདཔ་བཞིན་དུ་ སྤྱི་ཟླ་༣ པ་ལས་ ད་ཚུན་ ཆུ་ཞིང་ཨེ་ཀར་༡༠༠ ལྷགཔ་ཅིག་ནང་ ལཱ་འབད་ཡོདཔ་ཨིན་པས།
ཨ་ལོ་༤ གི་ ཨའི་ གནམ་ཁ་བཟང་མོ་གིས་ སླབ་མིའི་ནང་ མོ་རའི་ གླང་དོ་༡ འབད་མི་ ཆུ་ཞིང་དེ་ནང་ ལོ་བསྟར་བཞིན་དུ་ འབྱ་འཛུགས་སྐྱོང་འབད་མི་དེ་གིས་ བཟའ་ཚང་སྐྱོང་སྟེ་ཡོདཔ་བཞིན་དུ་ དུས་ཅི་ སྤྱི་ཟླ་༣ པ་ལས་འགོ་བཙུགས་ གྱེད་པ་དང་ སྤོ་ཏོག་ དེ་ལས་ སྒང་ཏོག་ཚུ་ནང་ཡོད་མི་ ཨ་རིང་ལེབ་ཆུང་སུ་འབད་མི་ཚུ་ སྦོམ་བཟོ་ནིའི་ གོ་སྐབས་ཐོབ་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།
སྐྱེས་ལོ་༢༧ ལང་མི་ བསོད་ནམས་བསྟན་འཛིན་གྱིས་འབད་བ་ཅིན་ དང་ཕུ་ཕམ་ཚུ་གིས་ བཟོ་བཞག་མི་ ཨ་རིང་ལེབ་ཆུང་ཀུ་ཚུ་ འཕྲུལ་ཆས་ཀྱིས་ རྒྱ་སྦོམ་བཟོ་ཡོདཔ་ལས་ ཐོན་ཤུགས་ཡར་སེང་འབད་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
སྐྱེས་ལོ་༤༢ ལང་མི་ འཇམ་དཔལ་ལྷ་མོ་གིས་ སླབ་མིའི་ནང་ ལྕང་ལཱ་རྐྱབ་ནིའི་དུས་ཚོད་རན་ཡོདཔ་ལས་ ཨ་རིང་ལེབ་སྦོམ་བཟོ་མི་ཚུ་ནང་ ད་རེས་ནངས་པར་ ཨམ་སྲུ་སྡེ་ཚན་༡ འོང་སྟེ་ རྡོ་ཚུ་འཐུ་བཀོ་བའི་ཁར་ རྩིགཔ་རྐྱབ་ནི་ འགོ་བཙུགས་ཏེ་འདུག།
སྐྱེས་ལོ་༣༧ ལང་མི་ བསྟན་འཛིན་དཔལ་སྒྲོན་གྱིས་ འབད་བ་ཅིན་ ཆུ་ཞིང་ཨེ་ཀར་༡ དེ་ཅིག་ རྒྱ་བསྐྱེད་འབད་བའི་སྐབས་ འཕྲུལ་ཆས་ཀྱི་ མར་ཁུའི་རིན་ སྤྲོད་ནིའི་དོན་ལུ་ དངུལ་ཀྲམ་༢༠,༠༠༠ ཟད་འགྲོ་བཏང་ཡི་ཟེར་ཨིན་པས།
སོ་ནམ་པ་ཚུ་གིས་ བསམ་འཆར་བཀོད་མིའི་ནང་ ཨ་རིང་ལེབ་སྦོམ་བཟོ་མི་དེ་གིས་ ད་ལས་ཕར་ གནམ་བྱཱར་དགུན་མེད་པར་ ཚོད་བསྲེ་འཛུགས་སྐྱོང་འབད་ནི་དང་ གེ་ཟ་དང་ ཀེ་བ་ ཨེ་མ་ཚུ་བཏབ་སྟེ་ འོང་འབབ་ལེགས་ཤོམ་བཟོ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
རྒེད་འོག་སོ་ནམ་རྒྱ་བསྐྱེད་ལས་རོགསཔ་གིས་ སླབ་མིའི་ནང་ བཙན་མཁར་རྒེད་འོག་ནང་ ཆུ་ཞིང་རྒྱ་ཆེ་དྲགས་སྦེ་ཡོད་མི་ལུ་བརྟེན་ མི་སེར་ཚུ་གིས་ བཟའ་སྤྱོད་མ་ཚད་ ཚོང་འབྲེལ་གྱི་དོན་ལུ་ཡང་ གོ་སྐབས་འདུག་ཟེར་ཨིན་པས།
ད་རེས་ནངས་པར་ ཞིང་ཆུ་བཏོན་ནིའི་དོན་ལུ་ ཆུ་གཡུར་བཟོ་སྐྲུན་གྱི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་ལས་ ཞིང་ཆུ་མ་ལང་པའི་ དཀའ་ངལ་བྱུང་མི་དེ་ཡང་ དུས་ཅི་ལས་ སེལ་ཚུགས་ནི་ ཨིན་པའི་གནས་ཚུལ།

དོམ་མཁར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *