དོགས་ཅན་གྱི་ མིང་གསལ་སྟོན་ཐོག་ ངོ་ཚ་བཅུག་ནི་དེ་ ཐབས་ཤེས་མཇུག་ཨིནམ།

༉ བྱ་ངན་ནང་ འབྲེལ་བ་ཡོད་པའི་ དོགས་ཅན་ཚུ་ལུ་ རྩོད་བཤེར་གྱི་རིམ་པ་ མཇུག་མ་བསྡུ་ཚུན་ མིང་དང་པར་ཚུ་ བརྡ་བརྒྱུད་ནང་ གསལ་སྟོན་ཐོག་ ངོ་ཚ་བཅུག་ནི་དེ་ བརྡ་བརྒྱུད་དང་ རྩོད་བཤེར་འབད་མི་ ཡིག་ཚང་གཞན་ཚུ་གིས་ ཐབས་ཤེས་མཇུག་སྦེ་ བཞག་དགོ་ཟེར་ ཆེ་མཐོ་ཁྲིམས་འདུན་གྱི་དྲང་དཔོན་ ལུང་བསྟན་གྲུབ་འགྱུར་གྱིས་ ཁ་ཙ་ འགོ་འབྱེད་འབད་མི་ དྲང་ཁྲིམས་ལྷན་སྡེ་དང་ བརྡ་བརྒྱུད་ཀྱི་ གོ་བསྡུར་ཞལ་འཛོམས་ནང་ གསལ་བཤད་འབད་ཡི།

དྲང་ཁྲིམས་ལྷན་སྡེ་གིས་ བརྡ་བརྒྱུདཔ་ཚུ་ལུ་ དྲང་ཁྲིམས་དང་འབྲེལ་བའི་ གནས་ཚུལ་བསྡུ་བཀོད་འབདཝ་ད་ ཁྲིམས་འབྲེལ་གྱི་གནད་དོན་ཚུ་ ཧ་གོ་བཅུག་ནིའི་དོན་ལུ་ དེ་བཟུམ་མའི་ གོ་བསྡུར་ཞལ་འཛོམས་འཚོགས་མི་དེ་ འགོ་དང་པ་ཨིནམ་ད་ ཉིན་གྲངས་༢ འབད་མི་ ཞལ་འཛོམས་ནང་ བརྡ་བརྒྱུདཔ་༣༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཏེ་ཡོད།
ཨིན་རུང་ དོགས་ཅན་ཚུ་ པར་དང་སྦྲགས་ ངོ་སྟོན་འབད་ནི་དེ་ རྒྱལ་ཡོངས་ཀྱི་ སྲུང་སྐྱོབ་དང་ མི་མང་གི་ ཉེན་སྲུང་ལུ་ ཉེན་ཁ་ཡོད་པ་ཅིན་མ་གཏོགས་ འབད་མི་ཆོག་ཟེར་ཨིན་པས།
དྲང་དཔོན་ལུང་བསྟན་གྲུབ་འགྱུར་གྱིས་ བཤད་མིའི་ནང་ དོགས་ཅན་ག་ར་ལུ་ སྒྲུབ་བྱེད་ཚུ་དང་བཅསཔ་སྦེ་ འཁྲུན་ཆོད་མ་གནང་ཚུན་ ཉེས་པ་མེད་པའི་གྲངས་སུ་ བརྩི་འཇོག་འབད་དགོཔ་བཞིན་དུ་ དོགས་ཅན་ལུ་ རང་དབང་གི་ཐོག་ལས་ རྩོད་བཤེར་འབད་ནི་དང་ དོ་དམ་ནང་ལས་ ཕྱི་ཁར་འཐོན་ནི་ དེ་ལས་ མཐོ་གཏུགས་འབད་ནི་གི་ དབང་ཆ་ཡོད་ཟེར་ཨིན་པས།
ཉེས་ལས་དང་འབྲེལ་བའི་ རྩོད་བཤེར་ཨིན་པ་ཅིན་ ཁྲིམས་མཐུན་ཐོག་ལས་ འཛིན་བཟུང་འབད་ནི་དང་ དྲང་དཔོན་གྱི་གདོང་ཁར་ངོ་སྟོན་འབད་ནི་ བར་ན་རྒྱབ་མི་བཙུགས་ཏེ་ དོ་དམ་འོག་ལས་ གློད་གྲོལ་གཏང་ནི་ དུས་མཐུན་གྱི་ ཉེས་འཛུགས་འབད་ནི་ཚུ་ཡང་ རྩོད་བཤེར་གྱི་སྐབས་ལུ་ རིམ་པ་བཞིན་དུ་འབད་ནི་གི་ དབང་ཆ་ཡོདཔ་ཨིན་པས།
དོགས་ཅན་ཚུ་ལུ་ ཁྲིམས་འབྲེལ་གྱི་ དབང་ཆ་ཚུ་ཡང་ ཁྲིམས་མཐུན་གྱི་ཐོག་ལས་ ཉེས་ཁྲིམས་བཀལ་ན་མ་གཏོགས་ མི་ག་ལུ་ཡང་ དོགས་པའི་ཐོག་ལས་ ཉེས་ཁྲིམས་བཀལ་མི་ཆོག་ནི་ཨིནམ་ད་ དོགས་ཅན་ཚུ་ལུ་ རྩ་ཁྲིམས་ཆེན་མོ་གིས་ཡང་ ཉེན་སྲུང་གི་ཐོབ་ལམ་ཚུ་ བྱིན་ཏེ་ཡོད་ཟེར་ དྲང་དཔོན་གྱིས་ བཤད་ཅི།
རྩ་ཁྲིམས་དང་འཁྲིལཝ་ད་ ཚོགས་རྒྱན་བཙུགས་ནི་དང་ རང་དབང་གི་ཐོག་ལས་ བསམ་འཆར་བཤད་ནི་ ཕྱོགས་རིས་མེད་པའི་ཐོག་ལས་ ཁྲིམས་བཤེར་འབད་ནི་ སྡུག་སྤྱོད་མེད་པར་སྡོད་ནི་ དེ་ལས་ ཉེས་ལས་འཐབ་སྟེ་མེད་ཟེར་ མནོ་ནི་དང་ ཁྲིམས་ཀྱི་ཉེན་སྲུང་འབད་ནི་ལུ་ དལ་དབང་ཡོདཔ་ལས་ དོགས་ཅན་ཚུ་ ཕྱོགས་རིས་མེད་པར་ བརྩི་འཇོག་འབད་དགོ་ཟེར་བཤད་ཅི།
དྲང་དཔོན་གྱིས་འབད་བ་ཅིན་ འབྲུག་པའི་བརྡ་བརྒྱུདཔ་ཚུ་གིས་ ནམ་ར་འབད་རུང་ གནས་ཚུལ་ཚུ་ ཕྱོགས་གཅིག་གི་ཧོངས་ལས་ འབྲི་ནི་འདུག་ཟེར་ཨིནམ་ད་ དེ་ཡང་ ཁྲིམས་སྲུང་འགག་སྡེ་ལས་ཐོབ་མི་ གནས་ཚུལ་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལ་སོགས་པའི་ སྙན་ཞུ་ཚུ་ལུ་ གཞི་བཞག་སྟེ་ མཐའ་བཅད་བཟུམ་མའི་ གནས་ཚུལ་འབྲི་དོ་ཡོདཔ་ལས་ དེ་གིས་ དོགས་ཅན་ཚུ་གི་དབང་ཆ་ལུ་ ཐོ་ཕོགཔ་མ་ཚད་ ཁོང་གིས་ ཕྱོགས་རིས་མེད་པའི་སྒོ་ལས་ རྩོད་བཤེར་འབད་ནི་གི་དལ་དབང་འཐོབ་མི་ཚུགས་པས་ཟེར་ཨིན་པས།
དོགས་ཅན་ཚུ་གིས་ རང་ལུ་ ཉེས་འཛུགས་ག་ཅི་འབད་ཡོདཔ་ཨིན་ན་དང་ དེ་འཕྲོ་ལས་ རང་གི་ནང་མི་ཚུ་ལུ་ བརྡ་སླབ་ནི་དང་ ཁྲིམས་འབྲེལ་གྱི་ གྲོགས་རམ་ལེན་ནི་ དེ་ལས་ ག་ནི་ཡང་ མ་སླབ་པར་སྡོད་ནི་གི་ དལ་དབང་ཚུ་ ཡོདཔ་ཨིན་པས།
གནས་ཚུལ་མ་འབྲི་བའི་ཧེ་མར་ ཁྲིམས་མཐུན་ཨིན་མེན་ བལྟ་ནི་དང་ གནས་ཚུལ་འབྲི་ནི་དེ་ འོས་འབབ་ཡོད་མེད་ བལྟ་དགོཔ་བཞིན་དུ་ གལ་སྲིད་ གནས་ཚུལ་ཁྱབ་སྤེལ་འབད་མི་དེ་ མ་བདེན་པའི་ གནད་ཁུངས་ཐོན་པ་ཅིན་ སྐུར་འདེབས་སམ་ མི་དཀར་ལ་ཞྭ་ནག་སྤུབས་པའི་ ཉེས་འཛུགས་བཀལ་ནི་གི་ ཉེན་ཁ་ཡོད་ཟེར་ དྲང་དཔོན་ལུང་བསྟན་གྲུབ་འགྱུར་གྱིས་ བཤད་ཅི།
བརྡ་བརྒྱུདཔ་ཚུ་གིས་ རྩ་ཁྲིམས་དང་ ཁྲིམས་གཞན་ཚུ་གི་ དོན་ཚན་ཚུ་དང་འཁྲིལ་ གཞན་གྱི་དལ་དབང་ཉེན་སྲུང་འབད་དགོ་པའི་ འགན་ཁུར་ འབག་དགོཔ་ཨིན་རུང་ རྩོད་བཤེར་འབད་བའི་སྐབས་དང་ འབད་ཚར་བའི་ཤུལ་ལས་ དེ་ལས་ དྲང་ཁྲིམས་ཀྱི་བདག་སྐྱོང་དང་ རྩོད་གཞི་ཚུ་ལུ་ ཁྲིམས་མཐུན་ཐོག་ལས་ སླབ་ནིའི་དབང་ཚད་ཚུ་ ཡོདཔ་ཨིན་རུང་ རྩོད་གཞི་དེ་ལུ་ འཁྲུན་ཆོད་མ་ཐོནམ་ལས་ བདེན་རྫུན་ཚུ་ཕྱེ་སྟེ་ འབྲི་ནི་མི་འོང་ཟེར་བཤད་ཅི།
དྲང་དཔོན་གྱིས་འབད་བ་ཅིན་ མི་ཚུ་གིས་ པར་ཆས་སི་སི་ཊི་བི་ནང་ བདའ་ཟུན་ཡོད་མི་ ཨར་རྐུན་དང་འབྲེལ་བའི་ གློག་བརྙན་ཚུ་ མི་སྡེ་བརྡ་བརྒྱུད་ནང་ལས་ ཁྱབ་སྤེལ་འབད་ནི་མེན་པར་ ཁྲིམས་སྲུང་འགག་པ་དང་ འབྲེལ་བ་ཡོད་པའི་ དབང་འཛིན་གཞན་ཚུ་ལུ་ བྱིན་དགོ་ཟེར་ཨིན་པས།
ཁྲིམས་དང་འཁྲིལཝ་ད་ དོགས་ཅན་ཚུ་ལུ་ རང་དབང་ཡོདཔ་ལས་ གུས་ཞབས་འབད་དགོཔ་བཞིན་དུ་ མིང་བཏོན་ནི་དང་ པར་བཀྲམ་སྤེལ་ཐོག་ ངོ་ཚ་བཅུག་ནི་དེ་ མཇུག་གི་ཐབས་ལམ་ཅིག་སྦེ་ བཞག་དགོ་པའི་ཁར་ ཁྲིམས་ཀྱི་གཞི་རྩ་ལུ་ གུས་ཞབས་ཡོད་པའི་རྒྱལ་ཁབ་ནང་ ཁྲིམས་ལུ་ གུས་ཞབས་འབད་དགོ་ཟེར་ དྲང་དཔོན་ལུང་བསྟན་གྲུབ་འགྱུར་གྱིས་ བཤད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *