དོག་གསུམ་ཁྲོམ་ཁར་ གསོ་བའི་འགོ་དཔོན་ཚུ་གི་ བསླབ་བཀོད་དང་འཁྲིལ་ མི་ཚུ་གིས་ ཆུ་མཛོད་དང་ ཆུ་ཧོད་ཚུ་གི་ ཁབ་ཏོག་བཅད་དེ་ བཞགཔ་ཨིན་པས།

དོག་གསུམ་ལུ་ ཌེང་གི་ཚད་འཛིན་འབད་ཡོད་རུང་ མི་ཚུ་ཁྲོམ་ཁར་འགྱོ་ནི་ལུ་ འཛེམ་དོ་ཡོདཔ།

༉ བཀྲིས་གཡང་རྩེ་དོག་གསུམ་ཁྲོམ་དེ་ ཨ་རྟག་འབད་བ་ཅིན་ ཕར་ཚུར་འགྲོ་འགྲུལ་འབད་མི་ སྣུམ་འཁོར་དང་ མི་ལེ་ཤ་མཐོང་ནི་ཡོད་རུང་ ད་རེས་ནངས་པར་ སྟོང་ཧང་ཧ་ཅིག་ལུ་ གྱུར་ཏེ་འདུག།
དེ་ཡང་ ཚ་བ་དྲོད་འབར་གྱི་ ནད་གཞི་གདུག་ཅན་ ཌེང་གི་ཐོན་ཞིནམ་ལས་ཚུར་ མི་སེར་ཚུ་ འདྲོག་བྱེལ་འཐབ་སྟེ་ དོག་གསུམ་ཁྲོམ་ནང་ འགྱོ་ནི་ལུ་ ག་དེ་དྲག་དྲག་ འཛེམ་ནི་དེ་གིས་ཨིན་པས།
ཚོང་པ་ཚུ་གིས་ སླབ་མིའི་ནང་ ནད་གཞི་ཁྱབ་སྤེལ་སོང་མི་ལུ་བརྟེན་ ཁོང་གི་ཚོང་འབྲེལ་ལུ་ ཐོ་ཕོག་སྟེ་ཡོད་ཟེར་ཨིནམ་ད་ ད་ལྟོ་ ཌེང་གི་དེ་ ཚད་འཛིན་འབད་ཚུགས་ཏེ་ཡོད་རུང་ མི་ཚུ་གི་ སེམས་ཁ་ལུ་ ནད་གཞི་དེ་ ཁྱབ་སྤེལ་ཡོདཔ་སྦེ་ ཚོར་སྣང་བྱུང་སྟེ་འདུག་ཟེར་ཨིན་པས།
ཟ་ཁང་གི་ཇོ་བདག་ མི་ལཱན་བིསི་ཝ་གིས་ སླབ་མིའི་ནང་ ཚད་ནད་ཁྱབ་སྤེལ་སོང་པའི་ཤུལ་ལུ་ ཟ་ཁང་ནང་འོང་མི་ ཚོང་མགྲོན་པ་མར་བབས་སོང་ཡི་ཟེར་ཨིནམ་ད་ ཨ་རྟག་འབད་བ་ཅིན་ ཉིནམ་གཅིག་ལུ་ ཚོང་མགྲོན་པ་ ཉུང་ཤོས་ར་༧༠ འོང་ནི་ཡོད་རུང་ ད་རེས་༢༠ ལུ་ མར་བབས་སོང་སྟེ་ཡོད་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོང་མགྲོན་པ་ཚུ་ མར་བབས་སོང་མི་གིས་མ་དོ་བར་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ སྣུམ་འཁོར་ཚུ་ཡང་ མ་བསྒུག་པར་ ཐད་ཀར་དུ་ རང་འགྱོ་སའི་ ས་ཁོངས་ནང་ འགྱོཝ་མས་ཟེར་ཨིན་པས།
ཀརྨ་རྡོ་རྗེའི་ ཟ་ཁང་ནང་ཡང་ ཧེ་མ་བཟུམ་སྦེ་ ཚོང་མགྲོན་པ་ མི་འོང་དོ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ ཕར་ཚུར་འགྲོ་འགྲུལ་འབད་མི་ མང་ཤོས་ར་ དོག་གསུམ་ཁྲོམ་ཁར་སྒུག་སྟེ་ ཟ་ཁང་ནང་ ལྟོ་ཟ་ནི་དང་ ཚོང་ཁང་ཚུ་ནང་ལས་ ཅ་ཆས་ཚུ་ ཉོ་ནི་ཡོད་རུང་ ད་རེས་ ལོག་ལྟབ་མར་བབས་ཡར་སོ་ཡི་ཟེར་ཨིན་པས།
དོག་གསུམ་ཁྲོམ་དེ་ བཀྲིས་གཡང་རྩེ་རྫོང་ཁག་ནང་ རྒེད་འོག་༨ ཡོད་མི་ལས་༦ གི་ མི་སེར་ཚུ་ ཚོང་འབྲེལ་འཐབ་སའི་ ས་གོ་གཙོ་ཅན་ཅིག་ཨིན་པས།
སྣ་ཚོགས་ཚོང་ཁང་གི་ ཚོང་པ་ཀརྨ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཉིནམ་རེ་ལུ་ འོང་འབབ་དངུལ་ཀྲམ་༡༥,༠༠༠ དེ་རེ་ ཐོབརུང་ ད་རེས་ དངུལ་ཀྲམ་༣,༠༠༠ ཡང་ ཐོབ་ཚུགས་པར་ ལཱ་ཁག་བཏངམ་མས་ཟེར་ཨིནམ་ད་ ད་རེས་ ནད་གཞི་དེ་ ཚད་འཛིན་འབད་ཡོདཔ་ལས་ ཨ་རྟག་ག་ཨིནམ་སྦེ་ ཚོང་ཉོ་བར་ འཐོན་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིན་པས།
ས་གནས་ལུ་ སྡོད་མི་ཚུ་གིས་འབད་བ་ཅིན་ ཁྲོམ་དེ་ནང་ལས་ འགྲོ་འགྲུལ་འབད་མི་ འགྲུལ་པ་ཚུ་ སྣུམ་འཁོར་གྱི་ སྒོ་སྒྲིག་བསྡམས་ཐོག་ལས་ འགྱོ་སར་མཐོངམ་མས་ཟེར་ཨིནམ་ད་ ནད་གཞི་དེ་ འགོ་དང་པ་ དོག་གསུམ་ལུ་ ཐོན་མི་ལུ་བརྟེན་ ཁ་ཉེས་བཀལ་མི་ཡང་འདུག་ཟེར་ བཤདཔ་ཨིན་པས།
སྟོང་ཞང་ལས་ ཚོད་བསྲེ་བཙོང་མི་ཅིག་གིས་ སླབ་མིའི་ནང་ གཡུས་མི་ཚུ་གིས་ དོག་གསུམ་ཁྲོམ་ཁར་ ཚོད་བསྲེ་བཙོང་པར་ འགྱོ་ནི་ལས་ འཛེམ་དགོཔ་སྦེ་ སླབ་མ་ཚད་ གལ་སྲིད་ ནད་གཞི་དེ་ གཡུས་ཁ་ལུ་ ཁྱབ་སྤེལ་འགྱོ་བ་ཅིན་ འདི་གི་ཉེན་ཁ་ཡང་ བཀལ་ནི་འདུག་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ མི་ཚུ་གིས་ ཌེང་གི་ནད་ལུ་ དོག་གསུམ་པའི་ ནད་གཞི་ཟེར་ མིང་བཏགས་མི་དེ་ དར་ཁྱབ་ཡར་སོ་ནུག་ཟེར་ཨིན་པས།
སྐྱེས་ལོ་༥༥ ལང་མི་ བསྟན་འཛིན་དབང་མོ་གིས་ ཚོད་བསྲེ་ཉོ་མི་ཡང་ ཧེ་མ་བཟུམ་སྦེ་ མི་འོང་པའི་ཁར་ ཕར་ཚུར་འགྱོ་མི་ རེ་གཉིས་མ་གཏོགས་ ཉོ་མི་འབག་པས་ཟེར་ བཤདཔ་ཨིན་པས།
ཁྲོམ་གྱི་ཚོགས་པ་ སངས་རྒྱས་ཆོས་གྲགས་ཀྱིས་ སླབ་མིའི་ནང་ ཌེང་གི་དེ་ ཚད་འཛིན་འབད་ཡོདཔ་ལས་ ཉེན་ཁ་དེ་ཅིག་ར་མེད་ཟེར་ཨིནམ་ད་ ནད་གཞི་ལོག་སྟེ་ ཁྱབ་སྤེལ་མི་འགྱོ་ནིའི་དོན་ལུ་ ཆུ་མཛོད་དང་ ཆུའི་ཧོད་ཚུ་ ཁབ་ཏོག་བཅད་དེ་ཡོད་མེད་ ལྟ་རྟོག་འབད་དོ་ཡོདཔ་མ་ཚད་ ཆུ་མཛོད་ཚུ་ བདུན་ཕྲག་རེ་ནང་ སོར་དགོ་པའི་སྐོར་ དྲན་གསོ་འབད་དེ་ར་ཡོད་ཟེར་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་ལས་ཕར་ ནད་གཞི་སྔོན་འགོག་འབད་ཐབས་ལུ་ མི་སེར་ག་ར་ གྲལ་གཏོགས་འབད་བཅུག་སྟེ་ བདུན་ཕྲག་རེ་ནང་ ཁྲོམ་ཕྱགས་བདར་རྐྱབ་བཅུག་དོ་ཟེར་ཨིན་པས།
ཌེང་གི་དེ་ རྫོང་ཁག་གསོ་བའི་ འགོ་དཔོན་དང་ དགེ་ལེགས་ཕུག་ལས་ གསོ་བའི་མཁས་མཆོག་ཚུ་གིས་ ཚད་འཛིན་གྱི་ལཱ་དང་ མི་སེར་ཚུ་ལུ་ བཀག་ཐབས་ཀྱི་ གོ་བརྡ་སྤེལ་མི་ལུ་བརྟེན་ དམ་འཛིན་འབད་ཚུགས་ཡོདཔ་སྦེ་ གསོ་བ་ལྷན་ཁག་གིས་ ཁྱབ་བསྒྲགས་འབད་ནུག།
གསོ་བའི་འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཁྲོམ་ཁར་ཕྱགས་བདར་རྐྱབ་ནི་དང་ ཆུ་མཛོད་ནང་ཡོད་མི་ ཆུ་སོར་ནི་ དེ་ལས་ ཧོད་རག་རོ་ཚུ་དང་ སྣུམ་འཁོར་གྱི་ འཁོར་ལོ་ལ་སོགས་པ་ཚུ་ ག་ལྷོད་བཞག་མ་བཅུག་ཟེར་ཨིན་པས།
ནད་བརྟག་དཔྱད་མཁས་མཆོག་ བདེ་ཆེད་དཔལམོ་གིས་འབད་བ་ཅིན་ རང་སོའི་ཁྱིམ་ནང་གི་ ཧོད་ཚུ་ནང་ བསགས་བཞག་མི་ ཆུ་སོར་བཅུག་མི་དེ་ཡང་ ཧོད་ཚུ་ནང་ གཟན་དོམ་ཆགས་ཏེ་ ཌེང་གི་ལོག་འཐོན་ནི་གི་ ཉེན་ཁ་ཡོད་མི་ལུ་བརྟེན་ཨིནམ་ད་ སྨན་ཆུ་གཏོར་ཡོདཔ་མ་ཚད་ ཁྱིམ་སྒོ་བཤལ་ཐོག་ལས་ བརྟག་དཔྱད་དང་ གོ་བརྡ་ཚུ་ སྤེལ་ཡི་ཟེར་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། དོག་གསུམ།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *