བཀྲིས་གཡང་རྩེ་ཁྱི་གཙང་ལུ་ སྒྲིང་ཁྱིམ་རྐྱབ་པའི་བསྒང་ཡོད་མིའི་མཐོང་སྣང་།

དོག་གསུམ་གྱི་ ཚོང་པ་ཚུ་ ཁྱི་གཙང་ལུ་ སྤོ་བཤུད་འབད་ནིའི་དུས་ཡུན་ ལོ་༡ ཕར་འགྱངས།

༉ བཀྲིས་གཡང་རྩེ་ དོག་གསུམ་ཁྲོམ་ཁར་སྡོད་མི་ཚུ་ ཁྱི་གཙང་ཁྲོམ་གསརཔ་ནང་ སྤོ་ནིའི་དོན་ལུ་ ད་རུང་ ལོ་༡  དུས་ཚོད་ཕར་འགྱངས་འབད་ཡོད་རུང་ ཚོང་ཁང་དང་ ཚོང་འབྲེལ་ག་ཅི་ར་འཐབ་རུང་ སྤྱི་ཟླ་༩ པའི་ནང་ ཁྲོམ་གསརཔ་ནང་ སྤོ་དགོཔ་སྦེ་ ཁ་འཆམ་བྱུང་ཡི།

དེ་ཡང་ སྤྱི་ཟླ་༦ ཚེས་༩ ལུ་ ཞབས་ཏོག་ལྷན་ཁག་གི་ བཀོད་རྒྱ་དང་འཁྲིལ་ རྫོང་ཁག་འགོ་དཔོན་ཚུ་དང་ དོག་གསུམ་ཁྲོམ་ཁར་སྡོད་མི་༢༢ དེ་ཅིག་གི་བར་ན་ གྲོས་བསྟུན་འབད་བའི་མཐའ་མར་ མིང་རྟགས་བཀོད་ཐོག་ལས་ ཐག་བཅད་ཅི།

སྤྱི་ལོ་༢༠༡༣ ལས་ཚུར་ ཁྲོམ་གསར་ནང་ ཁྱིམ་རྐྱབ་ནིའི་ གྲ་སྒྲིག་འབད་བའི་ཤུལ་ལས་ ད་ལྟོ་ཚུན་ཚོད་ དུས་ཚོད་ཕར་འགྱངས་ལེན་ཐེངས་མང་རབས་ཅིག་འབད་ཡོདཔ་ད་ ད་རེས་ དུས་ཚོད་གཏན་འཁེལ་བཟོ་མི་དེ་ མཐའ་བཅད་ཨིན་པས།

ཁྱི་གཙང་ལུ་ ཁྱིམ་རྐྱབ་ཚར་མི་དང་ ས་གནས་ནང་ ཚོང་རྐྱབ་སྡོད་མི་ཚུ་གིས་འབད་བ་ཅིན་ ཚོང་ཉོ་བར་འོང་མི་ ག་ཡང་མེདཔ་ལས་ ཚོང་འབྲེལ་ལུ་ ཐོ་ཕོགཔ་མས་ཟེར་ཨིན་པས།

གཞུང་གིས་ ཚར་༥ དེ་ཅིག་ དུས་ཚོད་ཕར་འགྱངས་འབད་ཡོད་རུང་ ད་ལྟོའི་བར་ན་ཡང་ ཁྱིམ་རྐྱབ་ནི་མེདཔ་ལས་ དུས་ཚོད་ཁར་ ཁྱིམ་རྐྱབ་མི་དང་ བཀའ་རྒྱ་གུ་ གནས་མི་ཚུ་ལུ་ ཁེ་རྒུད་མི་བཏུབ་པས་ཟེར་ ས་གནས་ལུ་ སྡོད་མི་ཅིག་གིས་ བཤདཔ་ཨིན་པས།

ཁྱི་གཙང་ཁྲོམ་ཁར་ ཟ་ཁང་བཙུགས་ཏེ་ ཟླཝ་༦ དེ་ཅིག་ལང་མི་ བདེ་ཆེན་བཟང་མོ་གིས་འབད་བ་ཅིན་ ཁྲོམ་རྙིངམ་ནང་ ཚོང་རྐྱབ་སྟེ་ར་ཡོདཔ་ལས་ ཁྲོམ་གསརཔ་ནང་ ཚོང་མགྲོན་པ་ མི་འོང་པས་ཟེར་ཨིན་པས།

གཞུང་གིས་ དུས་ཚོད་ཕར་འགྱངས་འབད་དེ་ར་ བཞག་པ་ཅིན་ ཁྲོམ་གསརཔ་ནང་ སྡོད་མི་ཚུ་ ག་དེ་སྦེ་ སྡོད་ཚུགས་ག་ ཚ་གྱང་ཡོད་ཟེར་ མོ་གིས་ བཤད་པའི་ཁར་ ཟ་ཁང་དང་སྤྲོ་ཁང་ དེ་ལས་  ཨིསི་ནུ་ཀར་༣ བཙུགས་ཡོད་མི་ལུ་ ཁང་གླ་དངུལ་ཀྲམ་༢༥,༠༠༠ སྤྲོད་དགོཔ་ལས་ ཁང་གླ་སྤྲོད་མི་ཚུགས་ནི་ཨིན་པའི་ ཚ་གྱང་ཡོད་ཟེར་ བཤདཔ་ཨིན་པས།

དོག་གསུམ་ཚོགས་པ་ ཀརྨ་ལྷ་མོ་གིས་འབད་བ་ཅིན་ དུས་ཚོད་ཕར་འགྱངས་འབད་དགོ་པའི་ ཞུ་བ་འབད་མི་དེ་ཡང་ ཚོང་པ་ལ་ལོ་ཅིག་ ཏི་རུ་མེད་པའི་ཁར་ བཟོ་སྐྲུན་གྱི་ ཅ་ཆས་མ་ཐོབ་པའི་དཀའ་ངལ་དང་ འགྲོ་འགྲུལ་བཀག་དམ་ལུ་བརྟེན་ཏེ་ ཐོགས་ལུས་སོ་ནུག་ཟེར་ཨིན་པས།

བཟོ་སྐྲུན་ཅ་ཆས་ཀྱི་ གོང་ཚད་ཡར་འཛེགས་པའི་ཁར་ ལས་མི་མ་ཐོབ་པའི་ དཀའ་ངལ་དང་ ལས་མི་ཐོབ་རུང་ ཉིན་བསྟར་གླ་འཐུས་ དངུལ་ཀྲམ་༡,༠༠༠ རེ་ མ་བྱིན་པ་ཅིན་ ལཱ་འབད་མི་བཏུབ་པས་ཟེར་ ཚོགས་པ་གིས་ བཤདཔ་ཨིན་པས།

ད་ལྟོ་ ཁྲོམ་གསརཔ་ནང་ མི་མང་ཡིག་ཚང་ དངུལ་ཁང་དང་ འབྲུག་འགྲེམ་དང་ གློག་མེ་ལས་འཛིན་ཡིག་ཚང་  དེ་ལས་ འབྲུག་བརྒྱུད་འཕྲིན་དང་ བཀྲིས་བརྒྱུད་འཕྲིན་ཚུ་ སྤོ་ཡོདཔ་ད་ ཚོང་ཁང་གསརཔ་༤ དང་ ཟ་ཁང་༢ བཙུགས་ཡོདཔ་ཨིན་པས།

ཁྱིམ་གྱི་ཁང་གླ་ཡང་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༡༠,༠༠༠ དང་༢༥,༠༠༠ གི་བར་ན་ སླབ་དོ་ཡོདཔ་ལས་ མང་ཤོས་ར་ ཚོང་པ་གསརཔ་ཚུ་གིས་ ལེནམ་ཨིན་པས།

སའི་ཇོ་བདག་ཚུ་གིས་འབད་བ་ཅིན་ མ་དངུལ་མེད་པའི་ དཀའ་ངལ་དང་ དངུལ་ཁང་ལས་ སྐྱིན་འགྲུལ་ལེན་དགོ་པ་ཅིན་ སྒྲིང་ཁྱིམ་ཐོག་ཚད་༡ རྐྱབ་མ་ཚར་བར་ སྐྱིན་འགྲུལ་མི་ཐོབ་པས་ཟེར་ཨིནམ་ད་ གཞི་འགྱམ་བཙུགས་ནིའི་དོན་ལུ་ར་ མ་དངུལ་ལེ་ཤ་དགོ་པས་ཟེར་ སླབ་ཨིན་པས།

ཚོང་པ་དཔལ་ལྡན་ཤེས་རབ་ཀྱིས་འབད་བ་ཅིན་ རྫོང་ཁག་གིས་ དུས་ཚོད་ཕར་འགྱངས་འབད་ནི་དེ་གིས་ སེམས་དགའ་ཡོདཔ་བཞིན་དུ་ ཁོ་གི་ སྒྲིང་ཁྱིམ་བརྒྱ་ཆ་༧༠ རྐྱབ་ཚར་ཡོདཔ་ལས་ ལོ་༡ ནང་འཁོད་ ཁྲོམ་གསརཔ་ནང་ སྤོ་ཚུགས་ཟེར་ཨིན་པས།

ཁྱིམ་རྐྱབ་ཚར་མི་ ལ་ལོ་ཅིག་གིས་འབད་བ་ཅིན་ ཁྱི་གཙང་ཁྲོམ་ཁར་ ཁང་ཁྱིམ་སྟོངམ་ཡོདཔ་ཨིན་རུང་ ལ་ལོ་གིས་འབད་བ་ཅིན་ ཁྱིམ་ཚད་གཅིག་ལས་བརྒལ་མིན་འདུག་ཟེར་ཨིན་པས།

ཁྱི་གཙང་ཁྲོམ་གསརཔ་ནང་ ཁྱིམ་སྟོངམ་༦ དེ་ཅིག་ཡོད་ས་ལས་ ཁྱིམ་༡ རྐྱངམ་གཅིག་ ཟ་ཁང་བཙུགས་ནིའི་དོན་ལུ་ཨིནམ་ད་ ཚོང་པ་ཚུ་གིས་འབད་བ་ཅིན་ ཚོང་འབྲེལ་གྱི་ ས་ཚན་༤༠ ཡོད་མི་ལས་ ཚོང་པ་༢༢ དོག་གསུམ་ཁྲོམ་ཁར་དང་༡༨ དེ་ དོག་གསུམ་ཁྲོམ་གྱི་ཕྱི་ཁར་ཡོདཔ་ལས་ ཁྱིམ་རྐྱབ་ནིའི་འཆར་གཞི་མིན་འདུག་ཟེར་ཨིན་པས།

བཀྲིས་གཡང་རྩེ་རྫོང་བདག་ ཐུགས་རྗེ་ཚེ་རིང་གིས་འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་ ཁྲོམ་སྤོ་ནིའི་དོན་ལུ་ དུས་ཚོད་ལེ་ཤ་བྱིན་ཡོདཔ་བཞིན་དུ་ དོག་གསུམ་ཁྲོམ་སྤོ་དགོ་པའི་ བཀའ་རྒྱ་ལྷོད་དེ་ ལོ་ངོ་༡༨ དེ་ཅིག་ ལང་ནུག་ཟེར་ཨིན་པས།

རྫོང་བདག་གིས་ དོག་གསུམ་ཁྲོམ་གསརཔ་ནང་འབད་བ་ཅིན་ མཁོ་ལོང་ཆུ་གློག་མེ་ལས་འགུལ་གྱི་ སྡོད་ཁྱིམ་དང་ མཐུད་སྦྲེལ་འབད་ཡོདཔ་ལས་ མ་འོངས་པ་ལུ་ ཚོང་འབྲེལ་གྱི་ གོ་སྐབས་སྦོམ་ཡོད་ཟེར་ བཤད་པའི་ཁར་ མི་ཚུ་གི་ས ཁྱིམ་རྐྱབ་སྟེ་ འོང་འབབ་བཟོ་ནིའི་ གོ་སྐབས་ལེན་དགོཔ་ཁག་ཆེ་ཟེར་ བཤདཔ་ཨིན་པས།

དོག་གསུམ་ཁྲོམ་གསརཔ་ནང་ ཚོང་འབྲེལ་གྱི་ས་ཚན་༤༠ ཡོད་ས་ལས་ སའི་ཇོ་བདག་༩ གིས་ ཁྱིམ་རྐྱབ་ཚར་ཡོདཔ་ད་ མི་༥ གིས་ ཁྱིམ་རྐྱབ་པའི་བསྒང་ཡོདཔ་ལས་ ལས་མི་དང་ ཅ་ཆས་ཚུ་ དུས་ཚོད་ཁར་ འཐོབ་པ་ཅིན་ ཟླཝ་དག་པ་ཅིག་ནང་ བཟོ་སྐྲུན་འབད་ཚར་ནི་ཨིན་པས།

དོག་གསུམ་ཁྲོམ་ཁར་ ཚོང་པ་དང་ ཚོང་ཁང་༤༠ ཡོད་མི་ལས་ ས་ཚན་ཡོད་མི་༢༢ རྐྱངམ་གཅིག་ཡོདཔ་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་གཡང་རྩེ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *