དོ་དམ་གློད་གྲོལ་གནང་ཐངས་ལུ་ མགུ་འཐོམ་བྱུང་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ མངོན་མཐོ་ཁྲིམས་འདུན་གྱིས་ གསེར་ལྐོང་ཚོང་གི་ འབྲེལ་གནད་ལུ་བརྟེན་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ཡོད་མི་ ཉེས་འཛུགས་ཅན་༣ དོ་དམ་གློད་གྲོལ་གྱི་ བློ་གཏད་མ་དངུལ་བཙུགས་བཅུག་སྟེ་ གློད་གྲོལ་བཏང་པའི་ཤུལ་ལུ་ ཁྲིམས་ཀྱི་སྐོར་ལས་ ཧ་གོ་མི་ཚུ་གིས་ ཁྲིམས་ལུ་དོགས་པ་དང་ དྲི་བ་བཀོད་ནི་ འགོ་བཙུགས་ནུག།
དེ་ཡང་ མངོན་མཐོ་ཁྲིམས་འདུན་གྱི་ ཁྲིམས་སྤྱི་བློན་པོ་གིས་ སྤྱི་ཟླ་༧ པའི་ཚེས་༢༤ ལུ་ སྤ་རོ་རྫོང་ཁག་ཁྲིམས་འདུན་ལུ་ ཨམ་སྲུ་༣ གྱིས་ མཐོ་གཏུགས་ཞུ་མི་དང་འཁྲིལ་ དབྱེ་རིམ་གཉིས་པའི་ ཉེས་ཆེན་ཐོག་ལུ་ ཉེས་འཛུགས་ཅན་འབད་མི་ རྨགཔ་༣ གློད་གྲོལ་གཏང་མ་རུང་པའི་ གནོད་འགེལ་ཨིན་རུང་ དོ་དམ་གློད་གྲོལ་གཏང་དགོ་པའི་ བཀའ་རྒྱ་གནང་ཡོད་མི་ལུ་བརྟེན་ཨིན་མས།
བཀའ་རྒྱ་དེ་ལུ་བརྟེན་ ད་ལས་ཕར་ གནོད་འགེལ་སྦོམ་ཆུང་ག་ར་ ཁྲིམས་སྲུང་འགག་སྡེའི་ དོ་དམ་འོག་ལུ་ སྡོད་མ་དགོ་པར་ གློད་གྲོལ་གཏང་ཆོག་པའི་ བརྡ་མཚོན་གསལ་སྟོན་འབདཝ་མས་ཟེར་ ཁྲིམས་ལག་ལེན་འཐབ་མི་ ལེ་ཤ་ཅིག་གིས་ སླབ་ནི་འདུག།
བཀའ་རྒྱ་དང་འཁྲིལཝ་ད་ ཉེས་འཛུགས་ཅན་གསུམ་ལུ་ དབྱེ་རིམ་གཉིས་པའི་ ཉེས་པ་འཁྲི་དགོཔ་བཞིན་དུ་ འབྲུག་གི་ཞི་རྩོད་དང་ ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ཁྲིམས་དེབ་ འཕྲི་སྣོན་༢༠༡༡ ཅན་མའི་དོན་ཚན་༡༩༩.༨ ཀ་པ་ གློད་གྲོལ་མ་རུང་བའི་ གནོད་འགེལ་གྱི་ནང་གསེས་ ཁ་པའི་ནང་ “གནོད་འགེལ་དེ་ དབྱེ་རིམ་གཉིས་པའི་ ཉེས་ཆེན་དང་ དེའི་ཡན་ཆད་ཨིན་པ་”ཟེར་ བཀོད་དོན་ལྟར་ དབྱེ་རིམ་གཉིས་པའི་ ཉེས་པ་འཁྲི་དགོ་མི་འདི་ གློད་གྲོལ་མ་རུང་བའི་ གནོད་འགེལ་ཨིན་ཟེར་བཀོད་ནུག།
ཨིན་རུང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་རྩ་ཚན་༧.༡༦ པར་ “ཉེས་འགེལ་དང་བསྟུན་པའི་ ཉེས་འཛུགས་བཀོད་མི་ཅིག་ལུ་ ཁྲིམས་དང་འཁྲིལ་ཏེ་ ཉེས་སྐྱོན་ཨིན་པར་མ་གྲུབ་ཚུན་ ཉེས་མེད་སྦེ་ བརྩི་ནིའི་ཐོབ་དབང་ཡོདཔ་ཟེར་” བཀོད་པའི་དགོངས་དོན་ལྟར་ གློད་གྲོལ་རུང་བའི་ གཞི་རྟེན་གྱི་དོབ་དབང་ཡོདཔ་ལས་ རྩ་ཁྲིམས་ཆེན་མོའི་རྩ་ཚན་༡.༡༠ པའི་དགོངས་དོན་བཞིན་ བྱ་གནད་འཕྲི་སྣོན་གོང་གི་ དོན་ཚན་དེ་ཉིད་ རྒྱབ་འགལ་ཨིན་པའི་ མངོན་རྟགས་བཞིན་ ནུས་མེད་དང་བདེན་སྟོང་ཨིན་པའི་ དངོས་དོན་གྲུབ་ཡོད་ཟེར་ ཁྲིམས་སྤྱི་བློན་པོའི་ བཀའ་རྒྱ་ནང་བཀོད་ནུག།
དེ་བཟུམ་སྦེ་ གློད་གྲོལ་རུང་བའི་ གནོད་འགེལ་གྱི་ཐད་ རྫོང་ཁག་ཁྲིམས་འདུན་ལས་ ཁྲིམས་ཀྱི་བྱ་བའི་གནད་སྤྱོད་ཁྲིམས་དེབ་ དོན་ཚན་༡༩༩.༢ པའི་ནང་དོན་བཞིན་ དོགས་ཟོན་ཅན་ རྩ་ངོམ་ཚུ་གི་ འགན་ལེན་པ་ཚུ་ བཙུགས་ཞིནམ་ལས་ དབྱེ་རིམ་གཉིས་པའི་ ཉེས་ཁྲིམས་དམའ་ཤོས་ལོ་ངོ་༩ གི་ དོ་དམ་གློད་གྲོལ་གྱི་ བློ་གཏད་མ་དངུལ་རྩིས་རྐྱབ་སྟེ་ ཁྲིམས་ཀྱི་འདུན་སར་ འོང་འབབ་མིན་པའི་ རྩིས་ཐོ་བཀོད་དེ་ དོ་དམ་གློད་གྲོལ་གཏང་དགོ་པའི་ བཀའ་རྒྱ་གནང་ནུག།
འདི་འབདཝ་ད་ མངོན་མཐོ་ཁྲིམས་འདུན་གྱིས་ འདི་བཟུམ་མའི་ ཁྲིམས་ཀྱི་དོན་ཚན་ ཆ་མེད་གཏང་ནི་གི་ དབང་ཚད་སྐོར་ མི་ལེ་ཤ་ཅིག་གིས་ དྲི་བཀོད་འབད་མི་དེ་ཡང་ ཁྲིམས་བཟོའི་དབང་ཚད་དེ་ དྲང་ཁྲིམས་ལྷན་སྡེ་ལུ་མེན་པར་ སྤྱི་ཚོགས་ལུ་ཡོད་མི་ལུ་བརྟེན་ཨིན་མས།
དེ་མ་ཚད་ འདས་པའི་ལོ་ཚུ་ནང་ཡང་ མངོན་མཐོ་ཁྲིམས་འདུན་གྱིས་ ད་ལྟོ་ཡོད་པའི་ བཅའ་ཁྲིམས་དང་ ཁྲིམས་དེབ་ཚུ་ནང་ སྟབས་མ་བདེཝ་ཡོད་མི་ དག་པ་ཅིག་གི་ཚབ་ལུ་ བཀའ་རྒྱ་ལོགས་སུ་བཏོན་ཐོག་ལས་ བསྟར་སྤྱོད་འབད་བའི་ ལོ་རྒྱུས་ཚུ་ཡོད་རུང་དགོངས་དོན་དེ་ཚུ་ བསྐྱར་ཞིབ་ཐོག་ སྤྱི་ཚོགས་ལུ་ འཕྲི་སྣོན་འབད་དགོ་པའི་ གྲོས་འདེབས་ཕུལ་ཡོད་པའི་ ལོ་རྒྱུས་མིན་འདུག།
ཁྲིམས་ལུགས་དང་འཁྲིལ་བ་ཅིན་ སྤྱི་ཚོགས་ཀྱིས་ ཆ་འཇོག་གྲུབ་མི་ ཁྲིམས་ཡིག་ཚུ་ བསྟར་སྤྱོད་འབད་ནིའི་ འགན་ཁུར་ཚུ་ དྲང་ཁྲིམས་ལྷན་སྡེ་ལུ་ ཕོགཔ་ཨིན་རུང་ ཁྲིམས་ཀྱི་དགོངས་དོན་ཚུ་ རྩ་ཁྲིམས་ཆེན་མོ་ ཡང་ཅིན་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་ ཞི་རྩོད་དང་ ཉེས་རྩོད་བྱ་བའི་གནད་སྤྱོད་ཁྲིམས་དེབ་དང་ ཆ་མཐུན་མེད་པ་ཅིན་ ཁྲིམས་བཟོ་ལྷན་སྡེ་ སྤྱི་ཚོགས་ལུ་ བསྒྱུར་བཅོས་དང་ ཡང་ཅིན་ ལེགས་བཅོས་འབད་བཅུག་དགོ།
ད་རེས་ནངས་པར་ ཁྲིམས་འདུན་ཚུ་ སྤྱི་ཚོགས་ཀྱིས་ ཆ་འཇོག་གྲུབ་མི་ ཁྲིམས་ཡིག་ཚུ་དང་ ཡང་ཅིན་ མངོན་མཐོ་ཁྲིམས་འདུན་གྱིས་གནང་མི་ བཀའ་ཤོག་ཚུ་དང་འཁྲིལ་ བསྟར་སྤྱོད་འབད་ནི་ཨིན་ན་ མགུ་འཐོམ་བྱུང་སྟེ་ཡོདཔ་ལས་ དབང་ཚད་དེ་གཉིས་ ཐ་དད་མ་བཟོ་བ་ཅིན་ མ་འོངས་པ་ལུ་ ཁྲིམས་ཀྱི་དགོངས་དོན་ལེ་ཤ་བཟོ་མི་འཐོན་འོང་།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *