རྦོབ་རིལ་མི་ སྣུམ་འཁོར་ཊི་པར་ཊཱག།

དེད་གཡོགཔ་ཕོ་སྐྱེས་ཅིག་ ཁ་འཐུམ་མར་ ཤི་རྐྱེན་བྱུང་ཡོདཔ།

༉ སྤྱི་ཟླ་༣ པའི་ཚེས་༢༩ གི་ནུབ་མོ་ སྣུམ་འཁོར་ཊི་པར་ཊཱག་ཅིག་ རྦོབ་རིལ་མིའི་ནང་ སྐྱེས་ལོ་༣༢ ལང་མི་ དེད་གཡོགཔ་ཕོ་སྐྱེས་དེ་ ཁ་འཐུམ་མར་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།

བྱུང་རྐྱེན་དེ་ ནུབ་མོའི་ཆུ་ཚོད་༡༢.༥ དེ་ཅིག་ཁར་ པདྨ་དགའ་ཚལ་ མོང་གླིང་ལུ་ བྱུང་ཡོདཔ་བཞིན་དུ་ ཚེ་འདས་དེད་གཡོགཔ་དེ་ བསམ་གྲུབ་ལྗོངས་མཁར་ སྒོམ་དར་ལས་ཨིན་པས།

གནས་ཚུལ་བཤད་མི་ཚུ་དང་འཁྲིལཝ་ད་ ཚེ་འདས་དེ་ བསམ་གྲུབ་ལྗོངས་མཁར་ལུ་ རྡོ་དཀར་སྐྱེལ་འདྲེན་འབད་དོ་ཡོདཔ་ལས་ དེ་ཚེ་བྱུང་རྐྱེན་སྐབས་ ཆ་རོགས་ཚུ་དང་གཅིག་ཁར་ གྱལ་རིམ་ནང་ པདྨ་དགའ་ཚལ་ལུ་ འགྱོ་བའི་བསྒང་ཨིནམ་ད་ ཚེ་འདས་ཀྱི་ རྒྱབ་ལས་འོང་མི་ དེད་གཡོགཔ་དེ་གིས་ སྣུམ་འཁོར་ག་ལྷོད་བཏང་སར་ མཐོང་མི་ལུ་བརྟེན་ ཧ་རན་བརྡ་སྐད་རྐྱབ་ནུག་ཟེར་ཨིན་པས།

གནས་ཚུལ་བྱིན་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྣུམ་འཁོར་ཊཱག་དེ་ འཁོར་ལམ་གྱི་འོག་ལས་མར་ མི་ཊར་༣༠ དེ་ཅིག་ རྦོབ་རིལ་ནུག་ཟེར་ཨིནམ་ད་ འཁོར་ལམ་གྱི་ གནས་སྟངས་ལེགས་ཤོམ་ཡོད་པའི་ཁར་ གནམ་གཤིས་ཡང་ ལེགས་ཤོམ་སྡོདཔ་ལས་ ག་དེ་སྦེ་ རྦོབ་རིལ་སོཔ་ཨིན་ན་ ཤེས་རྟོགས་མིན་འདུག་ཟེར་ཨིན་པས།

དེ་ལས་ སྣུམ་འཁོར་ཊཱག་དེ་ཡང་ གསརཔ་འབདཝ་ལས་ སྣུམ་འཁོར་ལུ་ སྐྱོན་ག་ནི་ཡང་མེད་རུང་ དེ་ཚེ་ གནམ་ནུབ་མོ་འབད་ནི་དེ་གིས་ གཉིད་ལོག་མི་ལུ་བརྟེན་ རྦོབ་རིལ་སོ་པའི་ དོགས་པ་ཡོད་ཟེར་ གནས་ཚུལ་བཤད་མི་ཚུ་གིས་ སླབ་ཨིན་པས།

ཚེ་འདས་དེ་ མགུ་ཏོ་གུ་ རྨ་སྐྱོན་སྦོམ་བྱུང་མི་ལུ་བརྟེན་ ཤི་རྐྱེན་བྱུང་ཡོདཔ་བཞིན་དུ་ རྐངམ་གཡོནམ་དེ་ཡང་ བཅགས་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་ ཚེ་འདས་ཀྱི་ཕུངམ་དེ་ དེ་ཚེ་ར་ ཁོ་རའི་ ཕོ་རྒནམ་ལུ་ རྩིས་སྤྲོད་འབད་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *