དེད་གཡོགཔ་ཅིག་གིས་ ཨམ་སྲུ་༢ ལུ་ ནད་འབུབ་ཨེཆ་ཨའེ་བི་སྤེལ་ཡོདཔ།

༉ ཁ་ཙ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཁྲིམས་འདུན་གྱིས་ སྐྱེས་ལོ་༣༨ ལང་མི་ དེད་གཡོགཔ་ཅིག་ལུ་ ནད་གཞི་ཨེཌསི་གི་རྒྱུ་ ནད་འབུབ་ཨེཆ་ཨའེ་བི་སྤེལ་བའི་ ཉེས་ཁྲིམས་ལོ་༣ བཀལ་མི་དེ་ རྒྱལ་ཁབ་ནང་ འགོ་དང་པ་ འོང་ནི་ཨིན་པས།
དེ་ཡང་ བཀྲིས་གཡང་རྩེ་རྫོང་ཁག་ལས་ཨིན་མི་ དེད་གཡོགཔ་གིས་ ཨམ་སྲུ་༢ ལུ་ ཤེས་བཞིན་དུ་ ནད་འབུབ་གདུག་ཅན་ ཁྱབ་སྤེལ་ཐོག་ ཉེན་འཚུབས་བཀལ་ཡོདཔ་ ཐེ་ཚོམ་ལས་གྲོལ་བའི་ རྒྱུ་མཚན་ཅན་གྱི་ མངོན་རྟགས་བྱུང་ཡི་ཟེར་ འཁྲུན་ཆོད་ནང་ བཀོད་ནུག།
རྩོད་ཟླ་དེད་གཡོགཔ་དེ་ སྤྱི་ལོ་༢༠༡༧ ལས་ ནད་འབུབ་ཨེཆ་ཨའེ་བི་ཡོདཔ་ ཤེས་རྟོགས་བྱུང་པའི་ཤུལ་ལས་ གསོ་བ་ལྷན་ཁག་གི་ བསླབ་སྟོན་ཐོག་ལས་ ནད་གཞི་ཨེཌསི་ལུ་ འགྱུར་ནི་ལས་ སྔོན་འགོག་སྨན་ཟ་སྡོད་མི་ཨིན་པས།
ཨིན་རུང་ ཁོ་གིས་ སྤྱི་ལོ་༢༠༡༩ ཟླ་༡ པའི་ནང་ ཉམས་རྒུདཔ་ཨམ་སྲུ་ཅིག་དང་ ལུས་འབྲེལ་འབད་དེ་ ནད་འབུབ་སྤེལ་ཡོདཔ་ལས་ ཨམ་སྲུ་ལུ་ཡང་ ནད་གཞི་ཐོབ་ཡོདཔ་ད་ འཁྲུན་ཆོད་དང་འཁྲིལ་བ་ཅིན་ རྩོད་ཟླ་གིས་ ལུས་འབྲེལ་འབད་བའི་སྐབས་ མོ་ལུ་ ནད་གཞི་ཐོབ་ཡོད་པའི་སྐོར་ མ་སླབ་པའི་ཁར་ ཉེན་སྲུང་གི་ བཀག་ཐབས་ག་ནི་ཡང་ མ་འབད་བས་ཟེར་ཨིན་པས།

ད་རུང་ སྤྱི་ཟླ་༤ པའི་ཚེས་༤ ལུ་ རྩོད་ཟླ་གིས་ ཨམ་སྲུ་གཞན་ཅིག་དང་ འདོད་སྤྱོད་འབད་བའི་སྐབས་ ཉེན་སྲུང་གི་ ཐབས་ཤེས་ལག་ལེན་མ་འཐབ་པར་ ནད་གཞི་སྤེལ་ཡོདཔ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མའི་ དགོངས་དོན་ཚུ་ལས་ འགལ་ནུག་ཟེར་བཀོད་ནུག།
ཉེས་འཛུགས་ཅན་གྱིས་ ཨམ་སྲུ་༢ ལུ་ ནད་གཞི་སྤེལ་ཡོདཔ་ལས་ ཉེས་ཁྲིམས་སོ་སོར་སྦེ་ ཕོག་དགོཔ་ཨིན་རུང་ འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་དང་འཁྲིལ་ བཙོན་འཇུག་གི་ཁྲིམས་ཚད་ སྟབས་གཅིག་ཐོག་ལས་ བཙོན་འཐུས་བཏབ་མ་ཆོག་པའི་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ་ཨིན་པས།
དེ་ལས་ ཁྲིམས་འདུན་གྱིས་ རྩོད་ཟླ་ཁོ་ར་ ནད་གཞི་གདུག་དྲགས་ཐོབ་མི་ཅིག་འབདཝ་ལས་ བཙོན་ཁང་ནང་སྡོད་རིང་ གསོ་བའི་འགོ་དཔོན་ཚུ་གིས་ བདག་འཛིན་ཐོག་ སྨན་བཅོས་འབད་དགོ་པའི་ བཀའ་རྒྱ་གནང་ནུག།
རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པ་ཅིན་ རྩ་ཕན་གང་རུང་གིས་ ཆེ་མཐོ་ཁྲིམས་འདུན་ལུ་ཉིནམ་༡༠ གྱི་ ནང་འཁོད་ལུ་ མཐོ་གཏུགས་ཞུ་ཆོག་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *