༉ ཁ་ཙ་ མོང་སྒར་ ཀུར་རི་ཆུ་གློག་མེའི་ ཆུ་རྫིང་ནང་ལས་ སྐྱེས་ལོ་༣༡ ལང་མི་ ཚེ་འདས་ཕོ་སྐྱེས་ཅིག་གི་ ཕུངམ་འཚོལ་ཐོབ་ཡོདཔ་བཞིན་དུ་ རྒྱལ་པོའི་ཞིང་གི་ ཁྲིམས་སྲུང་འགག་པ་གིས་ ཚེ་འདས་ཀྱི་ ཨ་པ་ལུ་ རྩིས་སྤྲོད་འབད་ཡི།
སྣུམ་འཁོར་ཊི་པར་ཊཱག་བཏང་མི་ ཚེ་འདས་ཕོ་སྐྱེས་དེ་ སྤྱི་ཟླ་༥ པའི་ཚེས་༢༧ ལུ་ རྒྱལ་པོའི་ཞིང་ཁྲོམ་ལས་ ལོག་ རྩ་མང་རྒེད་འོག་ཁ་ཐུག་ལུ་ འགྱོ་བའི་ལམ་ཁར་ ཀུར་རི་ཆུ་ཟམ་བརྒལ་བའི་ཤུལ་ལུ་ འཁོར་ལམ་འོག་ལས་མར་ རྦོབ་རིལ་བའི་ རྐྱེན་ངན་ནང་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
ཨིན་རུང་ ཚེ་འདས་དང་གཅིག་ཁར་ ལཱ་འབད་མི་ རྒྱ་གར་གྱི་ལས་མི་དེ་ ཀུར་རི་ཆུའི་ནང་ལས་ སྲོག་སྐྱབས་འབད་ཚུགས་ཡོདཔ་ཨིན་པས།
ཚེ་འདས་ཕོ་སྐྱེས་དེ་ མོང་སྒར་རྒེད་འོག་ ཝེང་མཁར་གཡུས་ཚན་ལས་ཨིནམ་བཞིན་དུ་ ཁོ་ལུ་ ཨམ་སྲུ་དང་ ཨ་ལོ་རྨས་སྐྱེས་གཅིག་ ཡོདཔ་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།