དུས་ཚོད་ཕར་འགྱངས་འབད་རུང་ ས་བརྐོ་འཕྲུལ་ཆས་ཚུ་ མཁོ་སྒྲུབ་འབད་མ་ཚུགས་པར་ཡོདཔ།

༉ རྒྱལ་ཁམས་ས་གཏེར་ལས་འཛིན་གྱིས་ བསམ་གྲུབ་ལྗོངས་མཁར་ པདྨ་འདོད་འབྱུང་ཀུན་ཕན་སྒེར་སྡེ་ཚད་འཛིན་ལུ་ ཉིན་གྲངས་༤༥ འི་ དུས་ཚོད་ཕར་འགྱངས་འབད་དེ་བྱིན་རུང་ སྒེར་སྡེ་ཚད་འཛིན་གྱིས་ ས་བརྐོ་འཕྲུལ་ཆས་ཚུ་ མཁོ་སྒྲུབ་འབད་མ་ཚུགསཔ་བཞིན་དུ་ དུས་ཚོད་ཕར་འགྱངས་འབད་མི་དེ་ ཁ་ཙ་ རྫོགས་སོཔ་ཨིན་པས།

པདྨ་འདོད་འབྱུང་ཀུན་ཕན་སྒེར་སྡེ་ཚད་འཛིན་གྱིས་ དུས་ཚོད་ཁར་ འཕྲལ་ཆས་ཚུ་ མཁོ་སྒྲུབ་འབད་ཡོད་པ་ཅིན་ བསམ་གྲུབ་ཆོས་གླིང་ མཚོ་ཕང་བའི་ རྡོ་སོལ་ཕྱིར་བཏོན་གྱི་ལཱ་དེ་ སྤྱི་ཟླ་༤ པའི་ཚེས་༡ ལས་ འགོ་བཙུགས་ཚུགས་ནི་ཨིན་པས།

པདྨ་འདོད་འབྱུང་ཀུན་ཕན་སྒེར་སྡེ་ཚད་འཛིན་གྱི་ཁྲི་འཛིན་ ཨར་ཇུན་ཅང་ལ་གའི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གིས་ དེ་འཕྲོ་ལས་ སྔོན་བྱིན་དངུལ་ཀྲམ་ས་ཡ་༢༠ དེ་ཅིག་ སྤྲོད་ཐོག་ལས་ ཊི་སི་ཌི་སྒེར་སྡེ་ཚད་ལས་ འཕྲུལ་ཆས་ཚུ་ མཁོ་མངགས་འབད་ཡོདཔ་བཞིན་དུ་ ལྷག་ལུས་ཚུ་ སྤྲོད་ནིའི་དོན་ལས་ འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་ཚད་ནང་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༡༢༦.༥༣ དེ་ཅིག་གི་ ཞུ་ཡིག་བཙུགས་ཏེ་ ཡོད་ཟེར་ཨིན་པས།

སྒེར་སྡེ་ཚད་འཛིན་གྱིས་ ད་ལྟོ་ཚུན་ཚོད་ བགོ་བཤའ་འཆང་མི་༤,༠༠༠ དེ་ཅིག་ལས་ མ་དངུལ་ དངུལ་ཀྲམ་ས་ཡ་༣༠.༦༧ ལྷགཔ་ཅིག་ཡང་ བསྡུ་ལེན་འབད་ཡོདཔ་ཨིན་པས།

ཁྲི་འཛིན་གྱིས་ སླབ་མིའི་ནང་ ཁོང་གིས་ ཡིག་ཚང་གི་ ལས་བྱེདཔ་ཚུ་ བསྐོ་བཞག་འབད་ཡོདཔ་མ་ཚད་ འཕྲུལ་ཆས་༢༧ གྱི་དོན་ལུ་ འཕྲུལ་ལསཔ་༢༧ ཡང་ བསྐོ་བཞག་འབད་ནིའི་ གྲ་སྒྲིག་སོང་ཡི་ཟེར་ཨིནམ་ད་ ཊི་སི་ཌི་སྒེར་སྡེ་ཚད་འཛིན་གྱིས་ འཕྲུལ་ཆས་ཚུ་ སྤྱི་ཟླ་༣ པའི་ཚེས་༡༨ དང་༡༩ ལུ་ ལྷོད་དགོཔ་ཨིན་རུང་ ལས་སྡེ་གིས་ དངུལ་ཁང་ལས་ ངོ་སྦྱོར་ཡི་གུ་འཐོབ་མ་ཚུགསཔ་ལས་ སྐྱེལ་སྤྲོད་འབད་མ་ཚུགས་པས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ འཕྲུལ་ཆས་ཚུ་ རྒྱ་གར་ཀོལ་ཀཱ་ཊ་ལུ་ ལྷོད་ཡོདཔ་བཞིན་དུ་ ཊི་སི་ཌི་སྒེར་སྡེ་ཚད་འཛིན་གྱིས་ འཕྲུལ་ཆས་དེ་ ནང་འདྲེན་འབད་ནིའི་དོན་ལུ་ ངོ་སྦྱོར་ཡི་གུ་ལུ་ སྒུག་སྟེ་འདུག་ཟེར་ཨིནམ་ད་ འཕྲུལ་ཆས་ཚུ་ ལྷོད་པ་ཅིན་ དེ་འཕྲོ་ལས་ རྡོ་སོལ་ཕྱིར་བཏོན་གྱི་ལཱ་ཚུ་ འགོ་བཙུགས་ནིའི་ གྲ་སྒྲིག་ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཊི་སི་ཌི་སྒེར་སྡེ་ཚད་འཛིན་གྱིས་ པདྨ་འདོད་འབྱུང་ཀུན་ཕན་སྒེར་སྡེ་ཚད་འཛིན་གྱིས་ མཁོ་མངགས་འབད་མི་ འཕྲུལ་ཆས་ཚུ་ དུས་ཚོད་ཁར་ སྐྱེལ་སྤྲོད་འབད་ནིའི་དོན་ལས་ སྤྱི་ཟླ་༣ པའི་ཚེས་༢༡ ལུ་ ས་གཏེར་ལས་འཛིན་ལུ་ ད་རུང་ དུས་ཚོད་ཕར་འགྱངས་འབད་དགོ་པའི་ ཡི་གུ་བྲིས་ནུག་ཟེར་ཨིན་པས།

ཡི་གུ་དང་འཁྲིལཝ་ད་ ལས་སྡེ་གིས་ འཕྲུལ་ཆས་དེ་ཚུ་ ཇ་པཱན་ལས་ མཁོ་མངགས་འབད་ཡོད་དགོཔ་བཞིན་དུ་ རྒྱལ་སྤྱི་ཀོ་བིཌ་-༡༩ འི་ སྒྲིག་གཞི་ཚུ་ལུ་བརྟེན་ ས་ཁོངས་ནང་ དུས་ཚོད་ཁར་ སྐྱེལ་སྤྲོད་འབད་མ་ཚུགསཔ་ལས་ གཏེར་ལས་འཛིན་གྱིས་ ད་རུང་ དུས་ཚོད་ཟླ་༡ དེ་ཅིག་ ཕར་འགྱངས་འབད་དགོ་པའི་ ཞུ་བ་འབད་ནུག།

ཡི་གུའི་ནང་ བཀོད་མིའི་ནང་ བསམ་གྲུབ་ཆོས་གླིང་གི་ མི་སྟོང་ཕྲག་ལྷགཔ་ཅིག་ལུ་ ཕན་ཐོགས་འབྱུང་ནིའི་དོན་ལུ་ རྒྱབ་སྐྱོར་བཟུམ་ཅིག་སྦེ་ དངུལ་ཀྲམ་ས་ཡ་༦༠ དེ་ཅིག་གི་ ལས་སྡེའི་རྒྱུ་དངོས་ཚུ་ཡང་ གཏའ་མར་བཙུགས་ཏེ་ ཡོད་ཟེར་ཨིན་པས།

བསོད་ནམས་དབང་འདུས་ཀྱིས་ སླབ་མིའི་ནང་ ས་གཏེར་གྱི་ལཱ་ མི་འཐོབ་ནིའི་ཚ་གྱང་ཡོདཔ་ལས་ དུས་ཚོད་ཕར་འགྱངས་ལེ་ཤ་ ཞུ་བ་འབད་མ་ཚུགསཔ་བཞིན་དུ་ ཁོང་གིས་ འཕྲུལ་ཆས་༢༧ ག་ར་ མཁོ་སྒྲུབ་འབད་ནིའི་ དཔའ་བཅམ་ཅི་ཟེར་ཨིནམ་ད་ ཨིན་རུང་ ཉིན་གྲངས་༤༥ དེ་ཅིག་ནང་ མཁོ་སྒྲུབ་འབད་ནི་ལུ་ གདོང་ལེན་འདུག་ཟེར་ཨིན་པས།

ཨིན་རུང་ ཁོ་གིས་འབད་བ་ཅིན་ ཁ་ཙ་ འཕྲུས་ཆས་༤ དེ་ཅིག་ ཕུན་ཚོགས་གླིང་ལུ་ ལྷོད་ནུག་ཟེར་ཨིནམ་ད་ པདྨ་འདོད་འབྱུང་ཀུན་ཕན་སྒེར་སྡེ་ཚད་འཛིན་གྱིས་ ལཱ་གི་གྲུབ་འབྲས་ཚུ་ ས་གཏེར་ལས་འཛིན་ལུ་ གཏང་ཞིནམ་ལས་ ལས་འཛིན་དང་ གཞུང་ལས་ དུས་ཚོད་ཕར་འགྱངས་ཀྱི་ ཞུ་བ་འབད་ནི་ཟེར་ཨིན་པས།

དེ་བཟུམ་སྦེ་ སྤྱི་ཟླ་༢ པའི་ཚེས་༥ ལུ་ ལས་འཛིན་གྱིས་ པདྨའི་འདོད་འབྱུང་ཀུན་ཕན་སྒེར་སྡེ་ཚན་འཛིན་ལུ་བྱིན་མི་ ཡི་གུ་དང་འཁྲིལཝད་ ལས་འཛིན་ལུ་ གླ་ཁར་ལེན་ནིའི་དོན་ལུ་ སྒེར་སྡེ་ཚད་འཛིན་གྱིས་ འཕྲུལ་ཆས་ཚུ་ མཁོ་སྒྲུབ་འབད་དགོཔ་མ་ཚད་ འཕྲུས་ཆས་ཚུ་ ཐོ་བཀོད་འབད་ཡོད་པའི་ ཡིག་ཆ་ཚུ་ སྤྱི་ཟླ་༣ པའི་ཚེས་༢༢ ལུ་ སྤྲོད་དགོ་ཟེར་ཨིན་པས།

ཡི་གུའི་ནང་ བཀོད་མིའི་ནང་ སྒེར་སྡེ་ཚད་འཛིན་གྱིས་ ལས་འཛིན་གྱིས་བཟོ་མི་ དབྱེ་ཁག་ཆ་ཤས་ཅིག་གྲུབ་རུང་ ཁས་ལེན་མི་འབད་ནི་དང་ ལས་འཛིན་གྱིས་ ཉེན་ཁ་ཡང་ མི་འབག་ཟེར་ཨིནམ་ད་ ལས་འཛིན་གྱིས་ མཚོ་ཕང་མའི་ རྡོ་སོལ་ལཱ་གི་དོན་ལུ་ རིན་བསྡུར་འབད་ཡོདཔ་ལས་ ག་དེམ་ཅིག་སྦེ་ སྒེར་སྡེ་ཚད་འཛིན་གྱིས་ དབྱེ་ཁག་ཚུ་ འགྲུབ་མ་ཚུགས་པ་ཅིན་ རིན་བསྡུར་ཕར་འགྱངས་འབད་མིའི་ ཉེན་ཁ་དང་ འགན་ཁྲི་ཚུ་ཡང་ ཁོང་གིས་ར་ འབག་དགོ་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *