དུས་བསྐལ་གསརཔ་དང་ འགན་ཁུར་གསརཔ།

༉ ཁ་ཙ་ལས་ རང་ལུགས་གནམ་ལོ་ལྕགས་ཕོ་བྱི་ལོ་གིས་ སྤྱི་ལོ་༢༠༢༡ འདི་ ལྕགས་མོ་གླང་ལོ་ལུ་ རྩིས་སྤྲོད་ཡོདཔ་བཞིན་དུ་ ལོ་འདི་ནང་ཡང་ ནད་ཡམས་ཀོ་བིཌ་-༡༩ འི་ གདོང་ལེན་འཕྲོ་མཐུད་འབྱུང་ནི་བཟུམ་མཐོངམ་མས།

ག་འཆརཔ་ཟེར་བ་ཅིན་ ཀོ་བིཌ་-༡༩ འི་ སྨན་ཁབ་ཐོན་ཡོད་རུང་ ནད་ཡམས་ཐོབ་མི་དེ་ སྨན་ཁབ་ཀྱིས་ བརྒྱ་ཆ་ཧྲིལ་བུ་ དྲག་ཚུགས་པའི་ ངེས་པ་མེདཔ་ལས་ ནད་ཡམས་དམ་འཛིན་འབད་ནི་ལུ་ ལཱ་ཁག་འོང་ནི་ཨིན་མས།

གནམ་ལོ་བྱི་ལོ་ནང་ ནད་ཡམས་ལུ་བརྟེན་ སློབ་གྲྭ་ཚུ་ སྒོ་བསྡམས་དགོཔ་བྱུངམ་ལས་ སློབ་ཕྲུག་ཚུ་ལུ་ ཡོངས་འབྲེལ་ཐོག་ལས་ སློབ་སྟོན་འབད་དགོཔ་ བྱུང་ཡོད་རུང་ ཕམ་ཉམ་ཆུང་གི་ ཨ་ལོ་ཚུ་ལུ་ འགྲུལ་འཕྲིན་དང་ ཡོངས་འབྲེལ་གྱི་ མཐུན་རྐྱེན་མེད་མི་ལུ་བརྟེན་ གདོང་ལེན་བྱུང་བའི་ གནད་དོན་ཚུ་ཐོན་ཡི།

དེ་གིས་མ་དོ་བར་ ནད་ཡམས་ལུ་བརྟེན་ ལྟ་བཤལ་ལས་སྡེ་རྐྱངམ་གཅིག་ནང་ར་ འབྲུག་མི་༡༡,༠༠༠ ལྷགཔ་ཅིག་ལུ་ ལཱ་གཡོག་བྱང་ཡོདཔ་བཞིན་དུ་ ཕྱི་རྒྱལ་ལུ་ ལཱ་འབད་མི་ཚུ་ རྒྱལ་ཁབ་ནང་ ལོག་འོང་མི་ཚུ་བརྩིས་ཏེ་ མི་༣༠,༠༠༠ ལྷགཔ་ཅིག་ལུ་ ལཱ་གཡོག་མེདཔ་ཐལ་ཡོདཔ་ད་ སྤྱི་ལོ་༢༠༢༠ ཟླ་༡༢ པའི་ནང་ ཕྱིའི་ལས་མི་༡༠,༠༠༠ ལྷགཔ་ཅིག་ ཁོང་རའི་ རྒྱལ་ཁབ་ནང་ ལོག་སོང་ཡོདཔ་ལས་ རྒྱལ་ཁབ་ནང་ ལས་མི་མ་ཐོབ་པའི་ དཀའ་ངལ་བྱུང་ནུག།

ནད་ཡམས་ལུ་བརྟེན་པའི་ དཀའ་ངལ་ལེ་ཤ་བྱུང་ཡོད་རུང་ ཀོ་བིཌ་-༡༩ དེ་ མི་སྡེ་ནང་ ཁྱབ་སྤེལ་འགྱོ་ནི་ལས་ དམ་འཛིན་འབད་ཚུགས་མི་དེ་ཡང་ གཞུང་དང་ གསོ་བ་ལྷན་ཁག་གིས་ གསོ་བའི་སྒྲིག་གཞི་ཚུ་ དམ་དམ་སྦེ་ ལག་ལེན་འཐབ་པའི་ཁར་ འགྲུལ་སྐྱོད་བཀག་དམ་ལན་ཐེངས་༢ བསྟར་སྤྱོད་འབད་མི་ལུ་བརྟེན་ཨིན་མས།

ཐབས་ལམ་དེ་ཚུ་ བསྟར་སྤྱོད་མ་འབད་བ་ཅིན་ ད་རེས་ རྒྱལ་ཁབ་ནང་ ཀོ་བིཌ་-༡༩ ཐོབ་མི་༨༦༡ ལས་ མངམ་ཐོན་ཐོནམ་འོང་།

ནད་ཡམས་ཀོ་བིཌ་-༡༩ འི་སྨན་ཁབ་ཐོན་ཡོད་རུང་ བརྒྱ་ཆ་ཧྲིལ་བུ་སྦེ་ དྲག་ཚུགས་པའི་ ནུས་ཤུགས་མེདཔ་ལས་ འབྲུག་གིས་མ་དོ་བར་ གོང་འཕེལ་ཐལ་མི་ རྒྱལ་ཁབ་ཚུ་ལུ་ཡང་ ནད་ཡམས་ལུ་ གདོང་ལེན་འབད་ནི་དེ་ དོ་འགྲན་ཅན་ཅིག་སྦེ་ར་ གནས་ནི་དང་ དཔལ་འབྱོར་བསྐྱར་གསོ་འབད་ནི་ལུ་ཡང་ ལཱ་ཁག་འོང་ནི་ཨིན་མས།

ཨིན་རུང་ འཛམ་གླིང་རྒྱལ་ཁབ་ཚུ་དང་ཕྱདཔ་ད་ འབྲུག་འདི་ ནང་པ་ཆོས་ལྡན་གྱི་ རྒྱལ་ཁབ་ཅིག་འབདཝ་ལས་ གཞུང་དགེ་འདུན་གྲྭ་ཚང་དང་ ཆོས་སྡེ་ཚུ་གིས་ ནད་ཡམས་ལས་ བཟློག་ཐབས་ལུ་ སྐུ་རིམ་དང་ སྨན་བླ་ཚུ་ སྒྲུབ་གནང་བཞིན་དུ་ཡོད་མི་ལུ་བརྟེན་ ད་ཚུན་གྱི་བར་ན་ ནད་ཡམས་ལུ་བརྟེན་པའི་ གནོད་སྐྱོན་སྦོམ་མ་བྱུང་པར་ཡོདཔ་ཨིན།

གཞུང་སྐྱོང་གི་ ཁ་ཐུག་ལས་འབད་རུང་ ནད་ཡམས་ཀྱི་ ཉེན་འཚུབས་བྱུང་སའི་ ས་ཁོངས་ཚུ་ནང་ ལྟ་རྟོག་དམ་དམ་འབདཝ་མ་ཚད་ ཉེན་ཅན་ས་ཁོངས་ལས་ ཉེན་ཁ་ཆུང་མི་ ས་ཁོངས་ནང་ འགྱོ་མི་ཚུ་ ངེས་པར་དུ་ བདུན་ཕྲག་༡ གི་རིང་ ཟུར་བཞག་ནང་ སྡོད་དགོ་པའི་ཁར་ ཕྱི་ཁ་ལས་ འོང་པ་ཅིན་ ཉིན་གྲངས་༢༡ ཟུར་སྡོད་དགོ་པའི་ སྒྲིག་གཞི་བཟོ་མི་དེ་གིས་ ནད་ཡམས་ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཚུགས་ཏེ་ཡོདཔ་ཨིན།

འདི་འབདཝ་ལས་ གནམ་ལོ་བྱི་ལོ་ནང་ ཀོ་བིཌ་-༡༩ འཐོབ་ནི་དང་ སྤེལ་ནི་ལས་ བཀག་ཐབས་ལུ་ འགྲུལ་སྐྱོད་བཀག་དམ་ལན་ཐེངས་༢ འབད་མི་དང་ དུས་རྒྱུན་དུ་ ཁ་རས་ལག་ལེན་འཐབ་དགོ་པའི་ སྒྲིག་གཞི་བཟོ་མི་དེ་ དུས་བསྐལ་གསརཔ་ནང་ མདུན་སྐྱོད་འབད་བའི་ རྟགས་མཚན་དང་ མི་ངོ་སོ་སོ་གིས་ འགན་ཁར་གསརཔ་འབག་དགོ་པའི་ བརྡ་མཚོན་ཅིག་ཡང་ཨིན།

ང་བཅས་ཆ་ཁྱབ་ གནམ་ལོ་ལྕགས་མོ་གླང་ལོའི་ དུས་བསྐལ་གསར་པའི་ནང་ འཛུལཝ་དང་འབྲེལ་ འགན་ཁུར་རྩ་ཅན་ འབག་དགོཔ་ཡོད་མི་དེ་ཡང་ ནད་ཡམས་ཀྱི་ གདོང་ལེན་ལུ་ དུས་རྒྱུན་དུ་ ཁ་རས་སྤུབ་ནི་དང་ ལགཔ་གུ་སྨན་ཆུ་དབུར་ནི་ རང་དང་གཞན་གྱི་བར་ན་ ས་སྟོང་བཞག་ནི་ཚུ་ཨིན། 

གསོ་བའི་སྒྲིག་གཞི་ཚུ་ ཚུལ་ལྡན་སྦེ་ ལག་ལེན་འཐབ་པ་ཅིན་ སྨན་ཁབ་ལུ་ བསྒུག་མ་དགོ་པར་ ནད་ཡམས་དེ་ སྤྱི་རུབ་ཀྱི་ཐོག་ལས་ དམ་འཛིན་འབད་ཚུགས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *