དུས་དང་བསྟུན་ ཤེས་རིག་ལམ་ལུགས་ ལེགས་བསྒྱུར་འབད་དགོཔ་ ཁག་ཆེ་ནི།

༉ འབྲུག་རྒྱལ་ཁབ་ནང་ དེང་སང་ཤེས་རིག་ལམ་ལུགས་ འགོ་བཙུགས་ཞིནམ་ལས་ཚུར་ བསྒྱུར་བཅོས་འདྲ་མིན་སྣ་ཚོགས་ སོང་ཡོདཔ་མ་ཚད་ རྩ་གཞུང་ཚུ་གི་ཐད་ལས་འབད་རུང་ གོང་འཕེལ་རྒྱ་ཆེ་དྲགས་སྦེ་ སོང་སྟེ་ཡོདཔ་ཨིན།
དེ་གི་ནང་དོན་ཉིད་ལས་ དུས་རབས་༢༡ པའི་ནང་ ཤེས་རིག་ལམ་ལུགས་ ཡོངས་རྫོགས་སྦེ་ར་ བསྒྱུར་བཅོས་རྐྱབ་ནི་གི་ འཆར་གཞི་བརྩམས་མི་དེ་གིས་ ལེགས་བསྒྱུར་རྒྱ་ཆེཝ་སྦེ་ འགྱོ་ནི་གི་ འོས་འབབ་ཡོད་མི་དེ་ཡང་ དེང་སང་གི་ དུས་ཚོད་ནང་ གདོང་ལེན་གསརཔ་བྱུང་མི་ཚུ་དང་འཁྲིལ་ སློབ་ཕྲུག་ཚུ་ལུ་ རིག་རྩལ་ད་བསྟུན་པའི་ ཤེས་ཡོན་དང་ ཐབས་རིག་མ་འདྲཝ་ཚུ་ བྱིན་ཚུགས་ནི་ཨིན་མས།
ད་རུང་ འཛམ་གླིང་གཅིག་གྱུར་འགྱོ་བའི་ ནམ་དུས་ལུ་ བརྡ་དོན་འཕྲུལ་རིག་ ཡར་རྒྱས་འགྱོ་མི་དང་བསྟུན་ ཤེས་རིག་ལྷན་ཁག་གིས་ རྩ་གཞུང་ལ་ལོ་ཅིག་ སློབ་སྡེབ་ཐོག་ལུ་མེན་པར་ བརྡ་དོན་ཡོངས་འབྲེལ་ཐོག་ སློབ་སྟོན་འབད་ནི་ འགོ་བཙུགས་ཡོད་པའི་ སྟབས་བདེ་སྡུག་དང་ ཕན་གནོད་གཉིས་ཆ་ར་ བལྟ་དགོཔ་དེ་ཡང་གལ་ཆེ།
ག་འཆརཔ་ཟེར་བ་ཅིན་ དཔེ་དེབ་མེད་པའི་ བརྡ་དོན་ཡོངས་འབྲེལ་ཐོག་ལས་ སློབ་སྟོན་འབད་དགོ་པ་ཅིན་ སློབ་གྲྭའི་དཔེ་མཛོད་ཁང་ཚུ་ནང་ ཁུངས་གཏུགས་འབད་ནིའི་ དཔེ་དེབ་ལངམ་སྦེ་ དགོ་ནི་དང་ ཞིབ་འཚོལ་གྱི་དོན་ལུ་ གློག་རིག་མཐུན་རྐྱེན་མ་བཏུབ་བཏུབ་སྦེ་ དགོཔ་མ་ཚད་ ལྷག་པར་དུ་ བརྡ་དོན་ཡོངས་འབྲེལ་གྱི་ སྦྲེལ་མཐུད་ལེགས་ཤོམ་དགོ། འདི་བཟུམ་མའི་ མཐུན་རྐྱེན་ཚུ་མེད་པ་ཅིན་ བརྡ་དོན་འཕྲུལ་རིག་གི་ཐོག་ལས་ སློབ་སྟོན་འབད་ནི་ཚུ་ མཐར་འཁྱོལ་འབྱུང་མི་ཚུགས།
མ་གཞི་ རྒྱལ་ཁབ་ཀྱི་ སློབ་གྲྭ་ཚུ་ནང་ གློག་རིག་ཡོངས་འབྲེལ་ ཨིན་ཊར་ནེཊ་གི་ མཐུན་རྐྱེན་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ ཤེས་རིག་ལྷན་ཁག་གིས་ འཆར་གཞི་༡༢ པའི་ནང་ གྲོས་འཆར་ཚུ་ བཙུགས་ནི་དང་ ཆོས་ཚན་ག་ར་ གློག་རིག་ཐོག་ལས་ སློབ་སྟོན་འབད་ནིའི་ ལམ་ལུགས་ཅིག་ གཞི་བཙུགས་འབད་ནི་ཨིན་རུང་ ད་རེས་ནངས་པར་ སློབ་གྲྭ་ཁག་ནང་ལས་ཕར་ གློག་རིག་མཐུན་རྐྱེན་ ལེགས་ཤོམ་མེད་མི་ལུ་བརྟེན་ སློབ་ཕྲུག་དང་ སློབ་དཔོན་ཚུ་ལུ་ གདོང་ལེན་བྱུང་སྟེ་ཡོདཔ་ཨིན་མས།
ཤེས་རིག་ལྷན་ཁག་གི་ དམིགས་གཏད་དེ་ འཆར་གཞི་༡༢ པ་ མཇུག་བསྡུ་བའི་སྐབས་ སློབ་གྲྭྭ་ཆེ་བ་ཚུ་ནང་ གློག་རིག་གི་ ཆ་ཚད་དེ་ སློབ་ཕྲུག་༡༠ ལུ་ གློག་རིག་རེ་ཡོདཔ་ བཟོ་ནི་དང་ སློབ་གྲྭ་ཆུང་བ་ཚུ་ནང་འབད་བ་ཅིན་ སློབ་ཕྲུག་༣༠ ལུ་ གློག་རིག་ཀམ་པུས་ཊར་རེ་ ཐོབ་སྤྱོད་འབད་ཚུགསཔ་ བཟོ་ནི་ཨིན་མས།
ད་རེས་ནངས་པར་ རྒྱལ་ཁབ་ནང་ འབྲིང་རིམ་སློབ་གྲྭ་གོང་མ་༤༢ དང་ འབྲིང་རིམ་སློབ་གྲྭ་བར་མ་༧༦ དེ་ལས་ འབྲིང་རིམ་སློབ་གྲྭ་འོག་མ་༦༣ དེ་ཅིག་ནང་ གློག་རིག་མཐུན་རྐྱེན་ ཨེམ་བི་པི་ཨེསི་༡ རེ་ མཐུད་སྦྲེལ་འབད་དེ་ ཡོདཔ་ཨིན་རུང་ སློབ་སྟོན་ཚུ་ མང་ཤོས་ར་ གློག་རིག་དང་ བརྡ་དོན་ཡོངས་འབྲེལ་ཐོག་ འབད་དགོ་པ་ཅིན་ ཡོངས་འབྲེལ་ཞབས་ཏོག་ མགྱོགས་དྲགས་སྦེ་ ཐོབ་སྤྱོད་འབད་ཚུགསཔ་བཟོ་དགོ།
འདི་བཟུམ་མའི་ མཐུན་རྐྱེན་ཚུ་ གཞི་བཙུགས་དང་ རྒྱ་སྐྱེད་གཏང་ནིའི་དོན་ལུ་ ཟད་འགྲོ་ལྕི་དྲགས་གནས་ནི་ཨིན་རུང་ ཤེས་རིག་ལམ་ལུགས་ ལེགས་བསྒྱུར་འབད་དགོ་པ་ཅིན་ ཟད་འགྲོ་ངེས་པར་དུ་ གཏང་དགོ།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *