དུས་ཅི་ སློབ་རིམ་༡༠ པ་མཐར་འཁྱོལ་མི་ཚུ་ལུ་ གཞུང་ལས་གྲོགས་རམ་མཇུག་ཨིནམ།

༉ དུས་ཅིའི་སློབ་དུས་ལས་ གཞུང་གི་ སློབ་གཉེར་གྲོགས་རམ་ཐོག་ལུ་ སྒེར་གྱི་སློབ་གྲྭ་༢༠ ནང་ སློབ་རིམ་༡༠ པ་ མཐར་འཁྱོལ་མི་༡,༨༠༠ འཛུལ་ཞུགས་འབད་ནི་ཨིན་མི་དེ་ མཇུག་འོང་ནི་ཨིན་པས།

དེ་ཡང་ གཞུང་གིས་ སང་ཕོད་ལས་ སློབ་རིམ་༡༠ པ་མཐར་འཁྱོལ་མི་ག་ར་ གཞུང་གི་སློབ་གྲྭ་ཚུ་ནང་ འཛུལ་ཞུགས་འབད་ནི་ཨིནམ་ལས་ གཞུང་གི་གྲོགས་རམ་ཐོག་ལུ་ སྒེར་གྱི་སློབ་གྲྭ་ནང་ འཛུལ་ཞུགས་འབད་མི་ མི་འོང་ནི་ཨིན་པས།

གཞུང་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ འབྲིང་རིམ་སློབ་གྲྭ་གོང་མ་༦༥ ལུ་ སློབ་རིམ་༡༠ པ་མཐར་འཁྱོལ་མི་༩,༨༩༤ འཛུལ་ཞུགས་འབད་ནི་ཨིནམ་ད་ སྤྱི་ལོ་༢༠༡༩ ལུ་ གཞུང་གིས་ སློབ་རིམ་༡༡ པའི་ནང་ འཛུལ་ཞུགས་ཀྱི་ སྐུགས་ཚད་མེདཔ་བཟོ་ཡོདཔ་ཨིན་པས།

གཞུང་གིས་ སློབ་གཉེར་གྲོགས་རམ་གྱི་འཐུས་ ནང་སྡོད་སློབ་ཕྲུག་ཚུ་ལུ་ དངུལ་ཀྲམ་༧༠,༠༠༠ རེ་དང་ ཕྱི་སྡོད་སློབ་ཕྲུག་ཚུ་གི་འཐུས་ དངུལ་ཀྲམ་༤༠,༠༠༠ རེ་ བྱིན་ཐོག་ལས་ སྒེར་གྱི་སློབ་གྲྭ་ཚུ་ནང་ བགོ་བཀྲམ་འབད་ཡོདཔ་ཨིན་པས།

ཤེས་རིག་ལྷན་ཁག་ སྒེར་གྱི་སློབ་གྲྭ་སྡེ་ཚན་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ དུས་ཅི་ སློབ་རིམ་༡༠ པ་ལས་ མཐར་འཁྱོལ་མི་ སློབ་ཕྲུག་ཐེབས་ལེན་ནིའི་དོན་ལས་ སློབ་གྲྭ་དག་པ་ཅིག་ནང་ སློབ་ཁང་ཐེབས་རྐྱབ་ཅི་ཟེར་ཨིན་པས།

ད་རེས་ སློབ་གྲྭ་༣ ནང་ སློབ་ཁང་ཚུ་རྐྱབ་ནི་ འགོ་བཙུགས་ཏེ་ཡོདཔ་ལས་ སང་ཕོད་ལས་ སློབ་ཕྲུག་ག་ར་ གཞུང་གི་སློབ་གྲྭ་ཚུ་ནང་ ལེན་ཚུགས་ཟེར་ཨིནམ་ད་ དུས་ཅི་ སྒེར་གྱི་སློབ་གྲྭ་ཚུ་ནང་འཛུལ་མི་ མཇུག་འོང་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ དུས་ཅི་ སློབ་རིམ་༡༠ པ་མཐར་འཁྱོལ་མི་ཚུ་ སྒེར་གྱི་སློབ་གྲྭ་ཚུ་ནང་ འཛུལ་ཞུགས་འབད་མི་ མཇུག་བསྡུཝ་ཨིན་ཟེར་ གཞུང་འབྲེལ་གྱི་ ཡི་གུ་མེད་རུང་ ཧེ་མ་ལས་ གཞུང་གིས་ ལོ་བསྟར་བཞིན་དུ་ སྒེར་གྱི་སློབ་གྲྭ་ཚུ་ནང་ འཛུལ་ཞུགས་འབད་མི་དེ་ མར་ཕབ་ཐོག་ སྤྱི་ལོ་༢༠༢༢ ལུ་ སློབ་ཕྲུག་ག་ར་ གཞུང་གི་སློབ་གྲྭ་ནང་ ལེན་ནི་སྦེ་ གསལ་བསྒྲགས་འབད་དེ་ཡོད་ཟེར་ཨིན་པས།

སྤྱི་ལོ་༢༠༡༩ ལུ་ སློབ་རིམ་༡༠ པ་ལས་ མཐར་འཁྱོལ་ཡོད་མི་ སློབ་ཕྲུག་༧,༨༠༨ གཞུང་གི་སློབ་གྲྭ་ཚུ་ནང་ བཙུགས་ཡོད་པའི་ཁར་ གོ་སྐབས་མ་ཐོབ་མི་ སློབ་ཕྲུག་༤,༠༠༣ ལུ་ གཞུང་གིས་ སློབ་གཉེར་གྲོགས་རམ་བྱིན་ཐོག་ལས་ སྒེར་གྱི་སློབ་གྲྭ་༢༡ ནང་ འཛུལ་ཞུགས་འབད་ནུག།

ན་ཧིང་ སྒེར་གྱི་སློབ་གྲྭ་ཚུ་ནང་ གཞུང་གི་སློབ་གཉེར་གྲོགས་རམ་ཐོག་ལུ་ སློབ་ཕྲུག་༢,༠༦༨ འཛུལ་ཞུགས་འབད་དེ་ སྒེར་གྱི་སློབ་གྲྭ་ཅིག་ནང་ སློབ་ཕྲུག་ཚུ་མེདཔ་ལས་ སྒོ་བསྡམས་དགོཔ་ བྱུང་ཡོདཔ་ཨིན་པས།

འགོ་དཔོན་ཅིག་གིས་འབད་བ་ཅིན་ སྒེར་གྱི་སློབ་གྲྭ་ཚོགས་སྡེ་གིས་ ཞུ་བ་འབདཝ་བཞིན་དུ་ ལྷན་ཁག་གིས་ སློབ་ཕྲུག་ཚུ་ རང་སོའི་བློ་འདོད་དང་ལྟར་དུ་ སྒེར་གྱི་སློབ་གྲྭ་གདམ་ཁ་རྐྱབ་ནིའི་ གོ་སྐབས་བྱིན་ཡོདཔ་ཨིན་པས།

ཚོགས་སྡེ་གིས་ སློབ་ཕྲུག་ཚུ་ སྒེར་གྱི་སློབ་གྲྭ་ཁག་ནང་ འདྲ་མཉམ་སྦེ་ བགོ་བཀྲམ་མ་འབད་ཟེར་ ཞུ་བ་འབད་ཡོདཔ་ད་ གལ་སྲིད་ དུས་ཅི་ སློབ་ཕྲུག་༡,༨༠༠ འདྲ་མཉམ་སྦེ་ བགོ་བཤའ་རྐྱབ་པ་ཅིན་ སློབ་གྲྭ་རེ་གིས་ སློབ་ཕྲུག་༩༠ ལས་བརྒལ་ མི་འཐོབ་ནི་ཨིན་པས།

ཤེས་རིག་ལྷན་ཁག་གིས་ འཕྲལ་ཁམས་ཅིག་ཁར་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ སྒེར་གྱི་སློབ་གྲྭ་ཚུ་ནང་ དང་འདོད་ཡོད་མི་ཚུ་གིས་ ཐོ་བཀོད་འབད་ནི་ འགོ་བཙུགས་ཡོདཔ་ད་ ཐོ་བཀོད་འབད་ནི་དེ་ཡང་ སྤྱི་ཟླ་༤ པའི་ཚེས་༡༨ ལས་ འགོ་བཙུགས་ནི་ཨིན་པས།

ཨིན་རུང་ གལ་སྲིད་ ཐོ་བཀོད་མ་འབད་བ་ཅིན་ གཞུང་གི་སློབ་གཉེར་གྲོགས་རམ་ མི་འཐོབ་ནི་ཨིནམ་ད་ སློབ་གྲྭ་ཚུ་གིས་ ཆ་འཇོག་འབད་མི་ སློབ་གྲྭའི་འཐུས་དེ་ མཐོ་སུ་ཡོད་པ་ཅིན་ སློབ་ཕྲུག་ཚུ་གིས་ ཁ་སྐོང་སྤྲོད་དགོ་ཟེར་ གསལ་བསྒྲགས་ནང་བཀོད་ནུག།

ཨིན་རུང་ ཕམ་ཉམ་ཆུང་གི་ སློབ་ཕྲུག་གྲངས་སུ་ཨིན་པ་ཅིན་ འཐུས་ཁ་སྐོང་སྤྲོད་མི་དགོ་ནི་ཨིནམ་ད་ སློབ་ཕྲུག་ཚུ་ ཚར་ཅིག་སློབ་གྲྭ་༡ ནང་ འཛུལ་ཞུགས་འབད་དེ་ཡོད་པ་ཅིན་ གཞན་ཁར་སོར་མི་ཆོག་ནི་ཨིན་པས།

སློབ་གྲྭ་ཚུ་གིས་ སློབ་ཁང་ནང་ སློབ་དཔོན་དང་ སློབ་ཕྲུག་གི་ ཆ་ཚད་ཚུ་ཡང་ བལྟ་དགོཔ་ལས་ སློབ་ཁང་རེ་ནང་ སློབ་ཕྲུག་༣༤ ལས་ལྷག་སྟེ་ བཙུགས་མི་ཆོག་ནི་ཨིནམ་ད་ གལ་སྲིད་ དེ་ལུ་ མ་གནས་པ་ཅིན་ སློབ་གཉེར་གྲོགས་རམ་དེ་ ཆ་མེད་གཏང་འོང་ཟེར་ ཤེས་རིག་ལྷན་ཁག་གིས་ གསལ་བཀོད་འབད་ནུག།

གལ་སྲིད་ གཞུང་གི་སློབ་གཉེར་གྲོགས་རམ་ཐོག་ལས་ འཛུལ་ཞུགས་འབད་མི་ སློབ་ཕྲུག་ཚུ་གིས་ ལྷན་ཁག་ལས་ གནང་བ་མེད་པར་ སློབ་རིམ་༡༡ པ་ ཡང་ཅིན་ སློབ་རིམ་༡༢ པ་ལས་ ཤེས་ཡོན་སྦྱང་ནི་ བཤོལ་བཞག་པ་ཅིན་ སློབ་ཕྲུག་ཕོ་མོའི་ཁ་ཐུག་ལས་ སློབ་གཉེར་གྲོགས་རམ་ཀྱི་ འཐུས་ག་ར་ ལོག་སྤྲོད་དགོཔ་ལས་ སློབ་གྲྭ་ཚུ་གིས་ ལྷན་ཁག་ལུ་ སྙན་ཞུ་འབད་དགོཔ་ཨིན་པས།

དེ་མ་ཚད་ སློབ་གཉེར་གྲོགས་རམ་ཐོག་ལས་ སློབ་རིམ་༡༡ པ་དང་༡༢ པའི་ ཤེས་ཡོན་སྦྱང་མི་ སློབ་ཕྲུག་ཚུ་གིས་ མཐར་མ་འཁྱོལ་བ་ཅིན་ ཤེས་ཡོན་ལོག་བལྟ་ནི་ལུ་ གཞུང་ལས་ སློབ་གཉེར་གྲོགས་རམ་ མི་འཐོབ་ནི་ཨིན་པས།

འདས་པའི་དྲི་བ་དྲིས་ལན་སྐབས་ ཤེས་རིག་བློན་པོ་ ཇའི་བིར་རའེ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༢༢ ལས་ སློབ་རིམ་༡༠ པ་མཐར་འཁྱོལ་མི་ག་ར་ གཞུང་གི་སློབ་གྲྭ་ནང་ འཛུལ་ཞུགས་ཀྱི་ གྲོས་ཆོད་དེ་ བསྒྱུར་བཅོས་མ་འབད་བར་ཡོད་ཟེར་ཨིནམ་ད་ དུས་ཅི་ སྒེར་གྱི་སློབ་གྲྭ་ཚུ་ གཞུང་གི་གྲོགས་རམ་ཐོག་ལས་ འཛུལ་ཞུགས་འབད་མི་དེ་ མཇུག་ཨིན་ཟེར་ བཤད་ཅི།

ཤེས་རིག་བློན་པོ་གིས་འབད་བ་ཅིན་ དུས་ཅི་ སློབ་རིམ་༡༠ པ་ མཐར་འཁྱོལ་མི་ སློབ་ཕྲུག་༡,༥༠༠ རྐྱངམ་གཅིག་ སྒེར་གྱི་སློབ་གྲྭ་ཚུ་ནང་ བགོ་བཀྲམ་འབད་ཚུགས་ནི་དང་ སང་ཕོད་འབད་བ་ཅིན་ སློབ་གྲྭ་ག་ར་ གཞུང་གི་ སློབ་གྲྭ་ནང་ འཛུལ་ཞུགས་འབད་ཚུགས་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *