དུས་ཅི་ སློབ་དཔོན་སློབ་སྦྱོང་གི་ ས་སྟོང་ཡར་སེང་།

༉ དུས་ཅི་ སློབ་དཔོན་སློབ་སྦྱོང་གི་ ས་སྟོང་༢༦༥ ཡོད་མིའི་དོན་ལུ་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་༨༤༦ གིས་ རང་སོའི་དང་འདོད་དང་འཁྲིལ་ སྤྱི་ལོ་༢༠༡༩ གི་ རྒྱལ་གཞུང་ཞི་གཡོག་ཆོས་རྒྱུགས་རྐྱབ་ནི་སྦེ་ ཐོ་བཀོད་འབད་ནུག།
སྤྱི་ལོ་༢༠༡༨ དང་ཕྱདཔ་ད་ དུས་ཅི་ ས་སྟོང་༦༠ ཡར་སེང་འབད་ཡོདཔ་ད་ ན་ཧིང་ སློབ་དཔོན་ཤེས་ཡོན་སློབ་སྦྱོང་གི་ ས་སྟོང་༢༠༥ གི་དོན་ལུ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༢༨༦ གིས་ ཆོས་རྒྱུགས་རྐྱབ་ཡོདཔ་ཨིན་པས།
དུས་ཅི་ སློབ་དཔོན་སློབ་སྦྱོང་གི་དོན་ལུ་ ཞི་གཡོག་གི་ སྔོན་འགྲོའི་ཆོས་རྒྱུགས་༨༦༤ གིས་ རྐྱབ་མིའི་གྲས་ལས་ སྤྱིར་བཏང་མཐོ་རིམ་ཤེས་ཚད་འཁྱོལ་མི་༥༡༩ དང་ རྫོང་ཁའི་མཐོ་རིམ་ཤེས་ཚད་འཆང་མི་༣༢༧ ཡོདཔ་ཨིན་པས།
ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ སྔོན་འགྲོའི་གྲུབ་འབྲས་དང་འཁྲིལ་ཏེ་ མི་ངོ་ཚུ་གིས་ ཆོས་རྒྱུགས་ངོ་མ་རྐྱབ་ནི་ལུ་ བསྒྱུར་བཅོས་འབད་ཆོག་ནི་ཨིན་རུང་ ཡིག་ཆ་བདེན་དཔྱད་འབད་བའི་སྐབས་ དགོས་མཁོ་ཅན་གྱི་ ཁྱད་ཚད་ཚུ་ ཚང་དགོ་ཟེར་ཨིན་པས།
དུས་ཅི་ལས་ སློབ་དཔོན་སློབ་སྦྱོང་འབད་ནིའི་ དུས་ཡུན་དེ་ཡང་ ཟླཝ་༩ ལས་ ཟླཝ་༡༨ ལུ་ ཡར་སེང་འབད་ཡོདཔ་བཞིན་དུ་ གྲོས་འཆར་དེ་ཡང་ ཤེས་རིག་ལྷན་ཁག་གིས་ ལྷན་ཚོགས་ཕུལ་ཏེ་ ཆ་འཇོག་འབད་ནུག།
སློབ་དཔོན་སློབ་སྦྱོང་ ཟླཝ་༡༨ འབད་མི་གིས་ ལཱ་གཡོག་ནང་ འཛུལ་བཞུགས་འབད་དེ་ ལཱ་གཡོག་ལྟ་ཞིབ་ལོ་བརྩིས་ཏེ་ ལོ་༤ ནང་འཁོད་ལུ་ གོ་གནས་ཡར་སེང་འབད་ནིའི་ གོ་སྐབས་འཐོབ་ནི་ཨིནམ་ད་ ཞི་གཡོགཔ་གཞན་ཚུ་འབད་བ་ཅིན་ ལོ་༥ ནང་འཁོད་ལུ་རྐྱངམ་གཅིག་ གོ་གནས་ཡར་སེང་ འབད་དོ་ཡོདཔ་ཨིན་པས།
སློབ་དཔོན་སློབ་སྦྱོང་གི་ ས་སྟོང་ཡོངས་བསྡོམས་ལས་ ས་སྟོང་མཐོ་ཤོས་ར་ རྫོང་ཁ་སློབ་དཔོན་གྱི་དོན་ལུ་༡༠༠ དང་ དེ་གི་འོག་ལས་ ནང་རིག་དང་ ཚན་རིག་ བརྡ་དོན་ དེ་ལས་ ལམ་སྟོན་དང་ བསླབ་སྟོན་ཚུ་ནང་ ཡོདཔ་ཨིན་པས།
མ་གཞི་ སྔོན་འགྲོའི་ཆོས་རྒྱུགས་རྐྱབ་ནིའི་དོན་ལུ་ མི་ངོ་༣,༦༠༠ གིས་ ཐོ་བཀོད་འབད་ཡོད་རུང་ སྤྱི་ཟླ་༨ པའི་ཚེས་༤ ལུ་ མཐོ་རིམ་ཤེས་ཚད་འཆང་མི་༣,༢༥༦ རྐྱངམ་གཅིག་གིས་ ཆོས་རྒྱུགས་ཕུལ་ཡོདཔ་བཞིན་དུ་ གྲུབ་འབྲས་དེ་ཡང་ སྤྱི་ཟླ་༨ པའི་ཚེས་༢༢ ལུ་ གསལ་སྟོན་འབད་ནི་ཨིནམ་ད་ ན་ཧིང་ མི་ངོམ་༣,༢༡༨ ཀྱིས་ སྔོན་འགྲོའི་ཆོས་རྒྱུགས་རྐྱབ་ནུག།
དུས་ཅི་ ལྷན་ཚོགས་ཀྱིས་ ས་སྟོང་༦༨༣ གསལ་བསྒྲགས་འབད་མི་དེ་ ན་ཧིང་དང་ཕྱདཔ་ད་ ས་སྟོང་༩༤ ཡར་སེང་འབད་ཡོདཔ་ད་ སྤྱི་ལོ་༢༠༡༨ ལུ་ ས་སྟོང་༥༨༩ དང་ སྤྱི་ལོ་༢༠༡༧ ལུ་༤༩༤ ལས་བརྒལ་ གསལ་བསྒྲགས་མ་འབདཝ་ཨིན་པས།
མི་མང་བདག་སྐྱོང་དང་ དངུལ་འབྲེལ་འཛིན་སྐྱོང་ ཁྲིམས་དོན་ དེ་ལས་ འཕྲུལ་རིག་བརྩིས་ཏེ་ ས་སྟོང་༨༥ གསལ་བསྒྲགས་འབད་ཡོདཔ་ད་ འཕྲུལ་རིག་ནང་ ས་སྟོང་༣༣༣ ཡོད་མི་ལས་ སྨན་གཡོགམོ་གི་ ས་སྟོང་༩༠ ཡོད་མི་དེ་ མཐོ་ཤོས་ཨིནམ་བཞིན་དུ་ ཌོག་ཊར་གྱི་ ས་སྟོང་༣༥ ཡོདཔ་ཨིན་པས།
བཟོ་རིག་དང་ བཟོ་བཀོད་ ནགས་ཚལ་འགོ་དཔོན་ དེ་ལས་ ས་ཁམས་མཁས་མཆོག་དང་ གཟུགས་ཁམས་རིག་པ་ཚུ་ནང་ ལྷན་ཚོགས་ཀྱིས་ སྔོན་འགྲོའི་ཆོས་རྒྱུགས་ནང་ མཐར་འཁྱོལ་མི་དང་ ཡིག་ཆ་བདེན་དཔྱད་ དེ་ལས་ དམིགས་བསལ་གྱི་ ཤེས་ཡོན་སྦྱང་མི་དང་འཁྲིལ་ཏེ་ ས་སྟོང་ཚུ་ བསྒྱུར་བཅོས་འགྱོ་འོང་ཟེར་ ཁྱབ་བསྒྲགས་འབད་ནུག།
དུས་ཅི་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་དོན་ལུ་ ས་སྟོང་༣༨༤ དེ་ཅིག་ ཡར་སེང་འབད་མི་དེ་ཡང་ སྤྱི་ལོ་༢༠༡༨ ལུ་ ས་སྟོང་༢༥༤ ལས་བརྒལ་མེདཔ་ད་ ད་རེས་ སྔོན་འགྲོའི་ཆོས་རྒྱུགས་ཀྱི་དོན་ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ལས་ མཐར་འཁྱོལ་མི་༦༤༩ གིས་ ཐོ་བཀོད་འབད་ནུག།
ས་སྟོང་མཐོ་ཤོས་ར་ སློབ་གྲྭ་ཆུང་བའི་ སློབ་དཔོན་གྱི་ དབྱེ་ཁག་ནང་༡༦༠ དང་ རྫོང་ཁའི་སློབ་དཔོན་གྱི་ ས་སྟོང་༥༣ ཡོདཔ་ད་ ད་རེས་ སློབ་གྲྭ་ཆུང་བའི་ དམིགས་བསལ་ཨིང་སྐད་སློབ་དཔོན་གྱི་ ས་སྟོང་༣༡ ལུ་ ཡར་སེང་དང་ སློབ་གྲྭ་གོང་མ་དང་ རྩིས་ཀྱི་དམིགས་བསལ་སློབ་དཔོན་གྱི་ ས་སྟོང་ཡང་༥ ལུ་ ཡར་སེང་འབད་ནུག།
དེ་ལས་ ལམ་སྟོན་དང་ བསླབ་སྟོན་གྱི་ས་སྟོང་༣༠ ལུ་ ཡར་སེང་འབད་ཡོདཔ་ཨིན་པས།
ཞི་གཡོག་གི་དོན་ལུ་ ཆོས་རྒྱུགས་ངོ་མ་དེ་ སྤྱི་ཟླ་༡༠ པའི་ ཚེས་༡༡-༡༣ ལུ་ འགོ་འདྲེན་འཐབ་ནི་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *