བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ སྒྲིང་ཁྱིམ་ཚུ།

དུས་ཅི་ སྤྱི་ཟླ་༧ པ་ལས་ བརྡ་དོན་འཕྲུལ་རིག་སློབ་སྟོན་ འགོ་བཙུགས་ནི།

༉ རྒྱལ་པོའི་ཞིང་ བརྡ་དོན་འཕྲུལ་རིག་མཐོ་རིམ་སློབ་གྲྭ་དེ་ རྒྱལ་ཁབ་ནང་ཡོད་མི་ མཐོ་རིམ་སློབ་གྲྭ་གཞན་ཚུ་ནང་ སློབ་སྟོན་འབད་མི་དང་ མ་འདྲཝ་སྦེ་ཡོད་མི་དེ་ཡང་ སྦྱོང་ལཱ་དངོས་སུ་འབད་ཞིནམ་ལས་ ཡོན་ཏན་དང་རིག་རྩལ་ཚུ་ འཐོབ་ཚུགས་ནི་དེ་གིས་ཨིན་པས།
བརྡ་དོན་འཕྲུལ་རིག་གི་ སློབ་ཕྲུག་ཚུ་གི་མི་ཚེ་ མཐར་འཁྱོལ་ཅན་སྦེ་ འགྱོ་ཚུགས་ནི་དེ་ཡང་ གཙོ་བོ་ར་ ལཱ་འབད་ནིའི་ གཞི་འགྱམ་ལུ་ རག་ལས་ནི་དེ་གིས་ ལཱ་འབད་ནིའི་ཤེས་ཡོན་དང་ རིག་རྩལ་ཡར་དྲག་གཏང་ནི་ དེ་ལས་ ཉམས་མྱོང་འཐོབ་ཚུགསཔ་བཟོ་ནི་ལུ་ གཙོ་རིམ་བཟུང་ནི་ཨིན་པས།
ལས་རིམ་གཞི་བཙུགས་འབད་མི་ རྒྱ་གར་ ཧའེ་དར་བཌ་ བརྡ་དོན་འཕྲུལ་རིག་གཙུག་ལག་སློབ་སྡེ་གིས་ རྒྱལ་སྤྱི་བརྡ་དོན་འཕྲུལ་རིག་སྤེལ་ཁང་ནང་ སློབ་སྦྱོང་བྱིན་མི་དང་བསྟུན་ རྒྱལ་པོའི་ཞིང་ལུ་ ཚན་རིག་གི་ བརྡ་དོན་འཕྲུལ་རིག་ཤེས་ཡོན་ལས་རིམ་ གཞི་བཙུགས་འབད་ནི་ ཨིན་པས།
རྒྱལ་པོའི་ཞིང་ལུ་ གཞི་བཙུགས་འབད་མི་ བརྡ་དོན་འཕྲུལ་རིག་མཐོ་རིམ་སློབ་གྲྭ་གིས་ དུས་ཅི་ སློབ་ཕྲུག་༨༠ ལྷགཔ་ཅིག་ གདམ་འཐུ་འབད་དེ་ཡོད་ཟེར་ཨིནམ་ད་ ཁོང་ཆ་ཁྱབ་ སྤྱི་ཟླ་༧ པ་ལས་ སློབ་སྟོན་འགོ་བཙུགས་ནིའི་ ལས་རིམ་ཚུ་ བཟོ་ཚར་ཡི་ཟེར་ཨིན་པས།
ལེགས་སྦྱར་བ་ཚུ་གིས་ སླབ་མིའི་ནང་ ད་རེས་ནངས་པར་ སློབ་རིམ་༡༠ པ་དང་༡༢ པ་མཇུག་བསྡུ་མི་དང་ ལྷག་པར་དུ་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་ སློབ་ཕྲུག་ཚུ་གི་རྒྱུད་ལུ་ ཤེས་ཚད་ཡོད་རུང་ ལཱ་འབད་བའི་ཉམས་མྱོང་དང་ རིག་རྩལ་དང་ལྡན་པའི་ ཡོན་ཏན་མེདཔ་ལས་ ལཱ་གཡོག་མ་འཐོབ་པའི་ དཀའ་ངལ་བྱུང་མི་དེ་ཡང་ གནད་དོན་དེ་ལུ་བརྟེན་ ཨིན་ཟེར་ ཨིན་པས།
མཐོ་རིམ་སློབ་གྲྭའི་གཙོ་འཛིན་ ལྷ་ཀྲུ་འཇམ་དཔལ་གྱིས་ སླབ་མིའི་ནང་ དུས་ཅི་ སྤྱི་ཟླ་༧ པ་ལས་འགོ་བཙུགས་ ལོ་༤ གི་རིང་ སློབ་སྟོན་ག་ཅི་འབད་རུང་ སློབ་ཕྲུག་ཁོང་ར་གིས་ བརྟག་ཤིང་དཔྱད་ནི་དང་ ཞིབ་འཚོལ་ཐོག་ལས་ ལྷབ་སྦྱང་འབད་བཅུག་སྟེ་ རིག་རྩལ་དང་ ཤེས་ཡོན་ཡོདཔ་བཟོ་ནི་ཨིན་རུང་ གཙུག་ལག་ སློབ་སྡེ་གིས་ གནང་བ་གནང་མ་བཏུབ་པར་ཡོདཔ་ལས་ ད་ལྟོ་ སྒུག་སྟེ་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༡༨ ལུ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ ཀམ་པུས་ཊར་ཚན་རིག་གི་ སྦྱོང་ཚན་དེ་ཡང་ རྒྱལ་པོའི་ཞིང་མཐོ་རིམ་སློབ་གྲྭ་ནང་ སྤོ་བཤུད་འབད་ནི་ཨིནམ་ལས་ ཉལ་ཁང་དང་ སློབ་གྲྭའི་ཆོས་ཚན་དང་འབྲེལ་བའི་ གཞི་རྟེན་མཐུན་རྐྱེན་གཞན་ཚུ་ བྱ་སྟབས་མ་བདེཝ་ མི་འཐོན་ནི་ཨིན་པས།
གཙོ་འཛིན་ལྷ་ཀྲུ་འཇམ་དཔལ་གྱིས་ སླབ་མིའི་ནང་ སློབ་ཕྲུག་༩༦ ཤོང་ཚུགས་མི་ སྒྲིང་ཁྱིམ་ཐོག་ཚད་༢ འབད་མི་༢ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་དེ་ དུས་ཅི་ སྤྱི་ཟླ་༨ པ་དང་༩ པའི་ནང་ མཇུག་བསྡུ་ནི་ཨིན་པས།
ད་ལྟོ་ མཐོ་རིམ་སློབ་གྲྭ་ནང་ ལེགས་སྦྱར་བ་༡༣ ཡོད་མི་ལས་༥ ཧའེ་དར་བཌ་ལུ་ཡོད་པའི་ བརྡ་དོན་འཕྲུལ་རིག་གཙུག་ལག་སློབ་སྡེ་ནང་ རྒྱལ་སྤྱི་བརྡ་དོན་འཕྲུལ་རིག་གི་ སྦྱོང་བརྡར་བྱིན་མི་ཨིན་ཟེར་ ཨིན་པས།
རྒྱལ་ཁབ་ནང་ བརྡ་དོན་འཕྲུལ་རིག་དང་འབྲེལ་བའི་ ཆོས་ཚན་ཚུ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ མཁར་ པཱན་ཌི་ ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭ་ བདེ་བ་ཐང་ གཙུག་ལག་འོག་མའི་བརྡ་དོན་འཕྲུལ་རིག་ དེ་ལས་ ཐིམ་ཕུག་མཐོ་རིམ་སློབ་གྲྭ་ཚུ་ནང་ གཞི་བཙུགས་འབད་མི་ བརྡ་དོན་འཕྲུལ་རིག་དང་འབྲེལ་བ་ཡོད་མི་ཚུ་ མ་འོངས་པ་ལུ་ རྒྱལ་པོའི་ཞིང་ལུ་ སྤོ་བཤུད་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
རྒྱལ་པོའི་ཞིང་མཐོ་རིམ་སློབ་གྲྭ་དེ་ གཞུང་གིས་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ མཐོ་རིམ་སློབ་གྲྭ་༣ གཞི་བཙུགས་འབད་མིའི་གྲས་ལས་༡ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *