བུམ་ཐང་ཨུ་ར་ལུ་ ཤ་མུའི་དུས་སྟོན་ བརྩི་སྲུང་འབད་བའི་བསྒང་།

དུས་ཅི་ བུམ་ཐང་ཨུ་ར་ལུ་ སངས་རྒྱས་ཤ་མུའི་ཐོན་ཤུགས་ མར་བབས་སོང་ཡོདཔ།

༉ དུས་ཅི་ བུམ་ཐང་ཨུ་ར་ལུ་ སངས་རྒྱས་ཤ་མུའི་ཐོན་ཤུགས་ ལེགས་ཤོམ་མེད་མི་ལུ་བརྟེན་ ས་གནས་ཀྱི་མི་ཚུ་གིས་ འོང་འབབ་ལེགས་ཤོམ་ཅིག་ བཟོ་མ་ཚུགས་པར་འདུག།
དགེ་ལྡན་ལས་ འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ ཤ་མུའི་འཐོན་ཤུགས་ མར་བབས་སོང་ནུག་ཟེར་ཨིནམ་ད་ དུས་ཅི་ མི་༤ གིས་ ཉིནམ་༡ ནང་ ཤ་མུ་ཀེ་ཇི་༡ འཐོབ་པར་ལཱ་ཁག་འདུག་ཟེར་ཨིནམ་ད་ ན་ཧིང་ མི་རེ་གིས་ ཉིནམ་༡ ནང་ ཤ་མུ་ཀེ་ཇི་༧ དེ་ཅིག་ ཐོབ་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཤ་མུ་ལུ་བརྟེན་ ན་ཧིང་ འོང་འབབ་དངུལ་ཀྲམ་༣༥,༠༠༠ ལྷགཔ་ཅིག་ བཟོ་ཡོདཔ་ཨིན་རུང་ དུས་ཅི་ དངུལ་ཀྲམ་༩,༠༠༠ ཡང་ བཟོ་མ་ཚུགས་ཟེར་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ དུས་ཅི་ ཁཝ་དང་ཆརཔ་རྐྱབ་ཡོདཔ་ཨིན་རུང་ ཐོན་ཤུགས་མར་བབས་སོང་མི་དེ་ ག་ཅི་ཨིན་ན་ ཧ་མ་གོ་ཟེར་ཨིན་པས།
སངས་རྒྱས་ཤ་མུ་འཐུ་ནིའི་ དུས་ཚོད་དེ་ སྤྱི་ཟླ་༧ པ་ལས་ འགོ་བཙུགས་དོ་ཡོདཔ་ད་ ཤ་མུ་དེ་ ཨུ་ར་རྒེད་འོག་གི་ མི་སེར་ཚུ་གི་དོན་ལུ་ འོང་འབབ་ཀྱི་ འབྱུང་ཁུངས་གཙོ་བོ་ཅིག་ཨིནམ་ད་ སངས་རྒྱས་ཤ་མུ་ཀེ་ཇི་༡ ལུ་ དངུལ་ཀྲམ་༡༠༠༠ སྦེ་ བཙོང་དོ་ཡོདཔ་ཨིན་པས།
ཨུ་ར་ལུ་ གདོང་ལེན་སྦོམ་ཤོས་ར་ ཤ་མུ་འཐུ་བར་འོང་མི་ ཕྱི་མི་ཚུ་ བཀག་ཆ་འབད་མ་ཚུགས་མི་དེ་ཨིནམ་ད་ ལོ་བསྟར་བཞིན་དུ་ ཕྱི་ཁ་ལས་ ཤ་མུ་འཐུ་མི་ལེ་ཤ་འོང་དོ་ཡོདཔ་ལས་ མི་སེར་ཚུ་ལུ་ ཐོ་ཕོག་དོ་ཡོདཔ་ཨིན་པས།
ཕུརམ་ཤིང་ལ་རྒྱལ་ཡོངས་གླིང་གའི་ ནགས་ཚལ་གཙོ་འཛིན་ ཡོན་ཏན་ནོར་བུ་གིས་ སླབ་མིའི་ནང་ ཨུ་ར་ཤ་མོ་ཉམས་སྲུང་སྡེ་ཚན་ཟེར་ བཟོ་ཡོདཔ་མ་ཚད་ དེའི་ནང་གསེས་སྡེ་ཚན་༦ ཡོད་རུང་ སྡེ་ཚན་དེ་ སྒྲིང་སྒྲི་མེདཔ་ལས་ ཕྱི་མི་ཚད་འཛིན་འབད་ནི་ལུ་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
སྡེ་ཚན་ཚུ་ སྒྲིང་སྒྲི་ཡོད་པ་ཅིན་ ཉམས་སྲུང་དང་ སྲུང་སྐྱོབ་ཚུ་ འབད་དགོཔ་ཨིནམ་བཞིན་དུ་ ཕྱི་མི་ཤ་མུ་འཐུ་མི་ཚུ་ ལྟ་རྟོག་འབད་ནིའི་དོན་ལུ་ སྡེ་ཚན་ཚུ་ བཟོ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་ཚུན་ གླིང་ཁ་ནང་ ཕྱི་མི་ཤ་མུ་འཐུ་མིའི་སྐོར་ལས་ སྙན་ཞུ་མ་ལྷོད་ཟེར་ཨིནམ་ད་ འཕྲལ་མགྱོགས་ར་ མི་ཚུ་དང་ གྲོས་བསྟུན་འབད་དེ་ སྡེ་ཚན་ཚུ་ ལོག་སྒྲིང་སྒྲི་བཟོ་ཞིནམ་ལས་ སྒྲིག་གཞི་དང་ ལམ་ལུགས་ཚུ་ ལེགས་བཅོས་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་དོ་ཡོད་པའི་ ཤ་མུའི་དུས་སྟོན་སྐབས་ ཤ་མུའི་འཐོན་ཤུགས་ལེགས་ཤོམ་མེདཔ་མ་ཚད་ ཕྱིའི་ལྟ་བཤལ་པའི་གྱངས་ཁ་ཡང་ འདས་པའི་ལོ་དང་ཕྱདཔ་ད་ ཉུང་སུ་ཡོདཔ་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༢༣ དང་༢༤ ལུ་ འགོ་འདྲེན་འཐབ་མི་ ཤ་མུའི་དུས་སྟོན་དེ་ ཐེངས་༨ པ་ཨིནམ་ད་ དུས་སྟོན་སྐབས་ ཨུ་ར་དང་ ཉེ་འདབས་ཀྱི་ ས་གནས་ཚུ་ནང་ལས་ མི་སེར་བརྒྱ་ལས་བཅད་དེ་ སྤུངས་འཛོམས་འབད་དེ་འདུག།
ན་ཧིང་ བཙུག་འཐུའི་དུས་ཚོད་དང་ ཁ་ཐུག་རྐྱབ་ཡོདཔ་ལས་ དུས་སྟོན་དེ་ འགོ་འདྲེན་འཐབ་མ་ཚུགས་པར་ ལུས་ཡོདཔ་ལས་ དུས་ཅི་ ལྟ་བཤལཔ་དང་ མི་སེར་བཅའ་མར་གཏོགས་མི་ མར་བབས་སོང་ཡོདཔ་སྦེ་ བཤདཔ་ཨིན་པས།
དེ་ཡང་ ལྟ་བཤལཔ་དང་ མི་ཚུ་གིས་ ན་ཧིང་ དུས་སྟོན་ཆ་མེད་བཏང་ཡོདཔ་ལས་ དུས་ཅི་ཡང་ འགོ་འདྲེན་མི་འཐབ་དོ་འོང་ཟེར་མནོ་སྟེ་ མ་འོངམ་བཟུམ་ཅིག་འདུག་ཟེར་ཨིནམ་ད་ ལྟ་བཤལ་ཚོགས་སྡེའི་ ཡོངས་འབྲེལ་འཆར་སྒོ་ནང་ ཚེས་གྲངས་འཛོལ་ཡོདཔ་ལས་ ལོག་སྟེ་ བསྒྱུར་བཅོས་འབད་དགོཔ་ཐོན་མི་དེ་གིས་ཡང་ ཨིནམ་བཟུམ་ཅིག་ འདུག་ཟེར་ཨིན་པས།
ལས་རིམ་དེ་ ཨུ་ར་རྒེད་འོག་དང་ རྒྱལ་ཡོངས་ཤ་མུ་ལྟེ་བ་ དེ་ལས་ ཕུརམ་ཤིང་ལ་རྒྱལ་ཡོངས་གླིང་ག་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ མ་དངུལ་རྒྱལ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
རྒྱལ་ཡོངས་ཤ་མུ་ལྟེ་བའི་ ལས་རིམ་མདོ་ཆེན་ ཟླ་བ་དཔལ་འབྱོར་གྱིས་ སླབ་མིའི་ནང་ ཤ་མུའི་དུས་སྟོན་ འགོ་འདྲེན་འཐབ་དགོ་མི་དེ་ཡང་ ཨུ་ར་གི་མི་སེར་ཚུ་གི་ དཔལ་འབྱོར་གོང་འཕེལ་གཏང་ནི་དང་ སྔར་སྲོལ་གྱི་ ལམ་སྲོལ་དང་ བཞེས་སྒོ་ དེ་ལས་ ལྟ་བཤལ་གོང་འཕེལ་གཏང་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དུས་སྟོན་སྐབས་ གཞུང་གི་ལས་སྡེ་༦ དེ་ཅིག་གིས་ གོ་བ་བརྡ་སྤྲོད་སྤེལ་ནིའི་དོན་ལུ་ འབོ་ཡི་ཟེར་ཨིནམ་ད་ དེའི་ནང་ལས་ རྒྱལ་ཡོངས་ཤ་མུ་ལྟེ་བ་བཟུམ་ཅིག་འབད་བ་ཅིན་ མི་ཚུ་ལུ་ བཟའ་བཏུབ་པའི་ཤ་མུ་དང་ མ་བཏུབ་པའི་ ཤ་མུ་ཚུ་གིས་ གོ་བརྡ་དང་ འགྲེམས་སྟོན་འབད་དོ་ཟེར་ཨིན་པས།
ལས་རིམ་སྐབས་ ཨུ་ར་གི་ མི་སེར་ཚུ་གིས་ ནང་འཁོད་ལས་ཐོན་མི་ བཞེས་སྒོ་ཚུ་ ཚོང་འབྲེལ་འཐབ་ཡོདཔ་ཨིན་རུང་ དུས་ཅི་ ནང་འཁོད་བཞེས་སྒོ་དང་ ཤ་མུ་ཚུ་གིས་ བཟོ་ཡོད་པའི་བཞེས་སྒོ་ཚུ་ འགྲེམས་སྟོན་མེདཔ་ཨིན་རུང་ སང་ཕོད་ལས་ ལོག་སྟེ་འགོ་འདྲེན་འཐབ་ནི་ཨིན་པས།
དུས་སྟོན་དེ་ལུ་བརྟེན་ ཨུ་རའི་མི་སྡེ་ནང་ ཤ་མུ་དང་ ནང་འཁོད་ཀྱི་བཞེས་སྒོ་ཚུ་ བཙོང་མི་ལུ་བརྟེན་ མི་སེར་ཚུ་ལུ་ འོང་འབབ་བཟོ་ནིའི་ནང་ ཕན་ཐོགས་བྱུང་ཡི་ཟེར་ ཨུ་ར་རྒཔོ་ མཁའ་འགྲོ་དབང་ཕྱུག་གིས་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཕུརམ་ཤིང་ལ་རྒྱལ་ཡོངས་གླིང་ག་དང་ རྒེད་འོག་མཉམ་འབྲེལ་ཐོག་ལས་ སྡེ་ཚན་དེ་ ལོག་སྒྲིང་སྒྲི་བཟོ་ནིའི་ འཆར་གཞི་ཡོདཔ་ད་ མ་འོངས་པར་ འགོ་འདྲེན་འཐབ་ནིའི་དོན་ལུ་ མ་དངུལ་རྒྱབ་སྐྱོར་ཡང་ འཚོལ་དགོཔ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཨུ་ར།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *