ནིམ་ཏོ་ལ་སློབ་གྲྭ།

དུས་ཅི་ ནིམ་ཏོ་ལ་སློབ་གྲྭ་ནང་ སློབ་ཕྲུག་ཉུང་སུ་ཅིག་ལས་བརྒལ་མེདཔ།

༉ དར་དཀར་ནང་རྫོང་ཁག་ ནིམ་ཏོ་ལ་སློབ་གྲྭའི་ སློབ་ཕྲུག་མང་ཤོས་ཅིག་ དུས་ཅི་ལས་ གེ་སར་གླིང་སློབ་གྲྭ་ལྟེ་བའི་ནང་ འཛུལ་ཞུགས་འབད་ནི་དེ་གིས་ སློབ་གྲྭ་ནང་ སློབ་ཕྲུག་བསྡོམས་༧༣ ལས་བརྒལ་ མེདཔ་ཨིན་པས།
ནིམ་ཏོ་ལ་སློབ་གྲྭ་ཆུང་བའི་ནང་ བློ་གསར་སློབ་རིམ་ལས་འགོ་བཙུགས་ཏེ་ སློབ་རིམ་༦ པ་ཚུན་ཡོདཔ་ད་ དབུ་འཛིན་བརྩིས་ཏེ་ སློབ་དཔོན་བསྡོམས་༨ ཡོདཔ་ཨིན་པས།
ནིམ་ཏོ་ལ་སློབ་གྲྭའི་དབུ་འཛིན་ པདྨ་ཚེ་རིང་གིས་ བཤད་མི་དང་འཁྲིལཝ་ད་ རྡོ་རོ་ན་རྒེད་འོག་ནང་ སྤྱི་འོག་བསྡོམས་༥ ཡོད་ས་ལས་ སྤྱི་འོག་༤ གི་ སློབ་ཕྲུག་ཚུ་ ཐག་རིང་ནི་དེ་གིས་ གེ་སར་གླིང་སློབ་གྲྭ་ལྟེ་བའི་ནང་ སོང་ཡོདཔ་ཨིན་རུང་ ད་ལྟོ་ ནིམ་ཏོ་ལ་སྤྱི་འོག་གི་ སློབ་ཕྲུག་དང་ སྤྱི་འོག་གཞན་གྱི་ སློབ་ཕྲུག་༣ དེ་ཅིག་ ཡོད་ཟེར་ཨིན་པས།
མ་གཞི་ འདས་པའི་ལོ་ཚུ་ནང་ སློབ་གྲྭ་ཐག་རིང་སའི་ སྤྱི་འོག་གི་སློབ་ཕྲུག་ཚུ་ སློབ་གྲྭའི་ཉེ་འདབས་ལུ་ གནས་སྐབས་ཀྱི་ སྡོད་ཁྱིམ་བཟོ་སྟེ་ སྡོད་དོ་ཡོདཔ་ཨིན་རུང་ ས་གནས་ནང་སྡོད་མི་ག་ར་ ཨ་ལོ་ཆུང་ཀུ་འབད་ནི་དེ་གིས་ སྟབས་བདེ་ཏོག་ཏོ་མེདཔ་མ་ཚད་ ནིམ་ཏོ་ལ་གཡུས་ཚན་དེ་ མཐའ་ཟུར་གྱི་ ས་གནས་ཅིག་དང་ ཁྲོམ་ཁ་ལས་ ཐག་རིང་ནི་དེ་གིས་ ཁོང་གི་བཟའ་ཆས་ཚུ་ སྐྱེལ་འདྲེན་འབད་ནི་ལུ་ཡང་ སྟབས་མ་བདེཝ་སྦོམ་བྱུངམ་མས་ཟེར་ཨིན་པས།
དེ་འབདཝ་ལས་ ན་ཧིང་ སློབ་གྲྭའི་ དབུ་འཛིན་ཚུ་གི་ ཞལ་འཛོམས་འཚོགས་པའི་སྐབས་ རྡོ་རོ་ན་རྒེད་འོག་གི་ ཐག་རིང་སློབ་གྲྭའི་ སློབ་ཕྲུག་ཚུ་ གེ་སར་གླིང་སློབ་གྲྭ་ལྟེ་བའི་ནང་ བདེ་སྒྲིག་འབད་དེ་ བཙུགས་དགོ་པའི་ ཞུ་བ་འབད་ནུག།
དུས་ཅི་ ནིམ་ཏོ་ལ་སློབ་གྲྭ་ཆུང་བ་ལས་ གེ་སར་གླིང་སློབ་གྲྭ་ལྟེ་བའི་ནང་ སློབ་རིམ་༦ པ་མཐར་འཁྱོལ་མི་༣༦ དང་ སློབ་ཕྲུག་༢༠ དེ་ཅིག་ འཛུལ་ཞུགས་འབད་ཡོདཔ་ཨིན་པས།
ནིམ་ཏོ་ལ་ལུ་ ན་ཧིང་ སློབ་ཕྲུག་ཡོངས་བསྡོམས་༡༥༢ དང་ སྤྱི་ལོ་༢༠༡༦ ལུ་ སློབ་ཕྲུག་༢༠༠ ལྷགཔ་ཅིག་ཡོད་རུང་ དུས་ཅི་ལས་ སློབ་ཕྲུག་༧༣ ལུ་ མར་བབས་སོང་ཡོདཔ་ཨིན་པས།
དུས་ཅི་ བློ་གསར་སློབ་རིམ་ནང་ སློབ་ཕྲུག་གསརཔ་༡༠ ཡོདཔ་ཨིན་པས།
དབུ་འཛིན་གྱིས་འབད་བ་ཅིན་ ཕམ་ཚུ་གིས་ ཁོང་རའི་ཨ་ལོ་ཚུ་ ནིམ་ཏོ་ལ་སློབ་གྲྭ་ནང་ བཞག་ནིའི་དང་འདོད་བསྐྱེད་དོ་ཡོདཔ་ཨིན་རུང་ ཨ་ལོ་དང་ ཕམ་གཉིས་ཆ་རའི་ སྟབས་བདེ་ཧིང་དང་འཁྲིལ་ གེ་སར་གླིང་ལུ་ བཙུགས་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
སློབ་དཔོན་གྱི་ཐད་ཁར་ ནིམ་ཏོ་ལ་ལུ་ བློ་གསར་སློབ་རིམ་ལས་ སློབ་རིམ་༦ པ་ཚུན་ ཡོད་ནི་དེ་གིས་ སློབ་དཔོན་༨ ངེས་པར་དུ་ དགོ་པས་ཟེར་ཨིན་པས།
ནིམ་ཏོ་ལ་སློབ་གྲྭའི་ སློབ་ཕྲུག་ཚུ་ལུ་ དྲོ་པ་དང་ཉིན་མའི་ལྟོ་དེ་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ རྒྱབ་སྐྱོར་ཐོག་ལས་ བྱིན་དོ་ཡོདཔ་ཨིན།
ས་གནས་ནང་གི་ ཨ་ལོའི་ཕམ་ཅིག་ཨིན་མི་ བིར་ཁ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གི་ཨ་ལོ་ཚུ་ སློབ་རིམ་༤ པ་ཚུན་ ནིམ་ཏོ་ལ་ལུ་ བཞག་ཡོདཔ་ཨིན་རུང་ གེ་སར་གླིང་ལུ་ སློབ་གྲྭ་ལྟེ་བ་ འགོ་བཙུགས་པའི་ཤུལ་ལུ་ སློབ་གྲྭ་ལྟེ་བའི་ནང་འབད་བ་ཅིན་ བཞེས་སྒོ་དུས་ཕོག་གསུམ་ཐོབ་མ་ཚད་ སློབ་གྲྭའི་སྒྲིག་གོ་དང་ དཔེ་དེབ་ཚུ་ག་ར་ ཐོབ་ནི་དེ་གིས་ བཀའ་དྲིན་ཆེ་བས་ཟེར་ཨིན་པས།
མ་གཞི་ ནིམ་ཏོ་ལ་ལུ་འབད་རུང་ བཞེས་སྒོ་དུས་ཕོག་གཉིས་ཐོབ་སྟེ་འབད་རུང་ སློབ་གྲྭ་ལྟེ་བ་ནང་བཟུམ་གྱི་ མཐུན་རྐྱེན་ཚུ་ མེདཔ་མ་ཚད་ ཨ་ལོ་ཚུ་ ཕྱི་རུ་ གནས་སྐབས་ཀྱི་ སྡོད་ཁྱིམ་ནང་སྡོད་དགོཔ་འབདཝ་ད་ ཉེན་སྲུང་དང་ལྡན་ཏོག་ཏོ་ཡང་ མིན་འདུག་ཟེར་ཨིན་པས།
བིར་ཁ་བཟུམ་སྦེ་ ཕམ་མང་ཤོས་ཅིག་གི་ ཨ་ལོ་ཚུ་ གེ་སར་གླིང་སློབ་གྲྭ་ནང་ བཙུགས་པའི་ཤུལ་ལས་ སྟབས་བདེ་ཏོག་ཏོ་ སོང་ཡོདཔ་མ་ཚད་ ཁོང་གིས་འབད་བ་ཅིན་ སློབ་གྲྭའི་ཉེ་འདབས་ལུ་ གནས་སྐབས་ཀྱི་ སྡོད་ཁྱིམ་བཟོ་སྡོད་པའི་སྐབས་ སློབ་གྲྭའི་མཐའ་འཁོར་ཡང་ མཛེས་ཆ་དང་ ལྡན་ཏོག་ཏོ་སྦེ་ མི་མཐོང་དོ་ཡོདཔ་མ་ཚད་ ཕམ་དང་ཨ་ལོ་གཉིས་ཆ་ར་ དཀའཝ་སྤྱདཔ་མས་ཟེར་ བཤདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་གྱིས་འབད་བ་ཅིན་ ནིམ་ཏོ་ལ་སློབ་གྲྭ་ནང་ ཨ་ལོའི་ཉལ་ཁང་མེད་ནི་དེ་གིས་ སྟབས་མ་བདེ་བར་ གེ་སར་གླིང་སློབ་གྲྭ་ནང་ བཙུགས་ནིའི་སེམས་ཤུགས་བསྐྱེད་བཅུག་མི་དེ་ གནད་དོན་འདི་ལུ་བརྟེན་ཨིན་ཟེར་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *