དུས་ཅི་ དབྱར་རྩྭ་དགུན་འབུབ་ ཀེ་ཇི་ཡོངས་བསྡོམས་༣༥༦ བསྡུ་བསྒྱོམས་འབད་ནུག།

དུས་ཅི་ དབྱར་རྩྭ་དགུན་འབུབ་ལས་ འོང་འབབ་དངུལ་ཀྲམ་ས་ཡ་༢༢༢ བཟོ་ཡོདཔ།

༉ སོ་ནམ་ཚོང་འབྲེལ་དང་ མཉམ་ལས་ཚོགས་སྡེ་ལས་ཁུངས་ཀྱི་ དབྱར་རྩྭ་དགུན་འབུབ་སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༩ ལུ་ དབྱར་རྩ་དགུན་འབུབ་ཚུ་ རིན་བསྡུར་ཐོག་ལས་བཙོངམ་དང་ མགར་ས་རྫོང་ཁག་ལས་ བསྡུ་བསྒྱོམས་འབད་མི་འབུབ་ཚུ་གིས་ ཀེ་ཇི་རེ་ལུ་ དངུལ་ཀྲམ་ས་ཡ་༢.༠༤ ཐོབ་མི་དེ་ མཐོ་ཤོས་ཨིན་པས།
རིན་བསྡུར་དེ་ཡང་ དུས་ཅི་ སྤྱི་ཟླ་༧ པའི་ཚེས་༢༢ ལས་ ཟླ་༨ པའི་ཚེས་༢༢ ཚུན་ ཟླཝ་༡ གི་རིང་ ས་གོ་༡༠ ནང་ འགོ་འདྲེན་འཐབ་པའི་སྐབས་ མགར་ས་ལུག་ནང་ན་ལས་ བསྡུ་བསྒྱོམས་འབད་མི་གིས་ ཀེ་ཇི་རེ་ལུ་ དངུལ་ཀྲམ་ས་ཡ་༢.༠༤ དང་ ཉུང་ཤོས་ར་ ཀེ་ཇི་རེ་ལུ་ དངུལ་ཀྲམ་ས་ཡ་༠.༢༥༡ ཐོབ་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༨ ལུ་ དབྱར་རྩྭ་དགུན་འབུབ་ ཀེ་ཇི་བསྡོམས་༣༤༧ བསྡུ་བསྒྱོམས་འབད་མི་དང་ཕྱདཔ་ དུས་ཅི་ ཀེ་ཇི་༣༥༦ ཐོན་སྐྱེད་འབད་ཡོདཔ་ལས་ བརྒྱ་ཆ་༢.༥༩ དེ་ཅིག་ ཡར་སེང་སོང་ནུག།
དེ་ལས་ དངུལ་འབོར་གྱི་ ཐད་ལས་འབད་རུང་ སྤྱི་ལོ་༢༠༡༨ ལུ་ དབྱར་རྩྭ་དགུན་འབུབ་ཀྱིས་ དངུལ་ཀྲམ་ས་ཡ་༡༧༦ ལས་བརྒལ་ འོང་འབབ་བཟོ་མ་ཚུགས་རུང་ དུས་ཅི་ འོང་འབབ་དངུལ་ཀྲམ་ས་ཡ་༢༢༢ དེ་ཅིག་ ཐོབ་ཡོདཔ་ལས་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༢༦.༡༣ ཡར་འཕར་སོང་ནུག་ཟེར་ཨིན་པས།
དུས་ཅི་ དབྱར་རྩྭ་དགུན་འབུབ་འཐུ་མི་ཚུ་གིས་ སྤྱོད་འཐུས་དངུལ་ཀྲམ་ས་ཡ་༣.༦༦ དེ་ཅིག་ གཞུང་ལུ་ བཏབ་ཡོདཔ་ད་ འབུབ་ཀེ་ཇི་༣༥༦ རིན་བསྡུར་འབད་མིའི་གྲས་ལས་ ཀེ་ཇི་༨༠ ཕྱིར་བཏོན་འབད་ཡོདཔ་ལས་ རིན་བསྡུར་ནང་ ཀེ་ཇི་༤༣༦ རྐྱངམ་གཅིག་ བཙོང་ཡི་ཟེར་ སྙན་ཞུ་ནང་བཀོད་ནུག།
དབང་འདུས་ཕོ་བྲང་དྭངས་ཆུའི་ མི་སེར་ཚུ་གིས་ དབྱར་རྩྭ་དགུན་འབུབ་ ཀེ་ཇི་༡༥༤ བསྡུ་བསྒྱོམས་འབད་མི་དེ་ མཐོ་ཤོས་ཨིནམ་ད་ ཀ་གཞི་རྒེད་འོག་ལས་ ཀེ་ཇི་༠.༧༧ བསྡུ་ལེན་འབད་མི་དེ་ དམའ་ཤོས་ཅིག་ཨིན་པས།
ལས་ཁུངས་ཀྱིས་ བཀོད་མིའི་ནང་ འབུབ་ཉོ་ནིའི་དོན་ལུ་ རིན་བསྡུར་པ་༣༨ ཀྱིས་ ལས་ཁུངས་དང་ ཐོ་བཀོད་འབད་ཡོདཔ་ད་ རྒེད་འོག་ཚུ་གིས་ ཐོ་བཀོད་འབད་མི་དང་འཁྲིལཝ་ད་ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་འབད་ནིའི་ ཁྱད་ཚད་ལྡན་མི་ཚུ་ལུ་ ཆོག་ཐམ་༣,༢༩༤ ཡོད་མི་ལས་༣,༢༨༠ གིས་ དབྱར་རྩྭ་དགུན་འབུབ་ཚུ་ རིན་བསྡུར་འབད་བར་ འབག་འོང་ནུག་ཟེར་ཨིན་པས།
དབྱར་རྩྭ་དགུན་འབུབ་ཀྱི་ རིན་བསྡུར་ལམ་སྟོན་དང་ སྤྱིར་བཏང་དབྱར་རྩྭ་དགུན་འབུབ་ཀྱི་ སྤུས་ཚད་༢༠༡༩ ལག་ལེན་འཐབ་ཐོག་ལས་ ད་རེས་ འགོ་དང་པ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ འབྲུག་བཟའ་ཆས་དང་ཁྲིམས་དོན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ གནས་ཚད་གསརཔ་བཟོ་མིའི་སྐོར་ལས་ གོ་བརྡ་མ་སྤྲོད་ནི་དེ་གིས་ རིན་བསྡུར་འབད་སའི་ ས་གོ་མང་ཤོས་ཅིག་ནང་ སྤྱིར་བཏང་དབྱར་རྩྭ་དགུན་འབུབ་ཀྱི་ སྤུས་ཚད་ལག་ལེན་འཐབ་མ་ཚུགས་པས་ཟེར་བཀོད་ནུག།
རྒྱལ་ཁབ་ནང་ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་འབད་ནི་དེ་ཡང་ ལ་མཐོ་སར་ སྡོད་མི་ཚུ་གི་ འོང་འབབ་ལུ་དམིགས་ཏེ་ སྤྱི་ལོ་༢༠༠༤ ལས་ ཁྲིམས་མཐུན་བཟོ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *