ཚལ་ལུ་རིན་བསྡུར་འབད་བའི་བསྒང་།

དུས་ཅི་ དགེ་ལེགས་ཕུག་ལུ་ ཚལ་ལུའི་གོང་ཚད་ ལེགས་ཤོམ་ཡོདཔ།

༉ དགེ་ལེགས་ཕུག་གི་ རིན་བསྡུར་འབད་སའི་ས་ཁོངས་ནང་ ཚལ་ལུ་ཕུད་རྡོག་༡ ལུ་ གོང་ཚད་དངུལ་ཀྲམ་༩ བྱིན་ནི་དེ་ མཐོ་ཤོས་ཅིག་ཨིན་པས།
འབྲུག་བཟའ་སྤྱོད་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ ཚལ་ལུ་གི་ སྤུས་ཚད་ལུ་མ་ལྟ་བར་ ཚལ་ལུ་ཕུད་རྡོག་༡ ལུ་ དངུལ་ཀྲམ་༩ བྱིན་ནི་དེ་ གོང་ཚད་མཐོ་ཤོས་ཅིག་ཨིནམ་སྦེ་ བཤདཔ་ཨིན་པས།
དགེ་ལེགས་ཕུག་ལུ་ རིན་བསྡུར་ཐོག་ལས་ ཚལ་ལུ་བཙོང་ནི་ འགོ་བཙུགས་ཏེ་ བདུན་ཕྲག་ལྷགཔ་ཅིག་ སོང་ཡོདཔ་ད་ དུས་ཅི་ ཚལ་ལུའི་ཐོན་སྐྱེད་ལེགས་ཤོམ་མེད་ནི་དེ་གིས་ འབྲུག་པའི་ཕྱིར་ཚོང་པ་དང་ རྒྱ་གར་གྱི་ གོང་ཚད་རིན་བསྡུར་འབད་མི་ཚུ་གི་བར་ན་ དོ་འགྲན་བྱུང་དོ་ཡོདཔ་ཨིན་པས།
རིན་བསྡུར་ས་ཁོངས་ཀྱི་ འཛིན་སྐྱོང་པ་ ནོར་བུ་དབང་འདུས་ཀྱིས་ བཤད་མིའི་ནང་ ཚལ་ལུའི་གོང་ཚད་ཚུ་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ དུས་ཅི་ དྲག་པས་ཟེར་ཨིནམ་ད་ དུས་ཅི་ ཚལ་ལུ་ཆུང་ཀུ་ཅིག་གིས་ཡང་ དངུལ་ཀྲམ་༡ ཐོབ་ཚུགས་པས་ཟེར་ཨིན་པས།
དུས་ཅི་ རིན་བསྡུར་ནང་ དོ་འགྲན་འབད་མི་ལེ་ཤ་ ཐོན་ཡོད་རུང་ མི་སེར་སོ་ནམ་པ་ཚུ་གིས་ གོང་ཚད་ལེགས་ཤོམ་སྦེ་ ཐོབ་ཚུགས་ཡོདཔ་ལས་ ཁོང་གི་དོན་ལུ་ གནས་ཚུལ་བཟང་པོ་ཅིག་ཨིནམ་སྦེ་ བཤདཔ་ཨིན་པས།
དགེ་ལེགས་ཕུག་ལུ་ ད་ལྟོ་ཚུན་ ཚལ་ལུ་མེ་ཊིག་ཊཱོན་༢༢,༥༦༠ རིན་བསྡུར་འབད་ཚར་ཏེ་ཡོདཔ་ད་ གོང་ཚད་ཆ་སྙོམས་དེ་ཡང་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༣༢.༦ ཐོབ་ཡོདཔ་ཨིན་པས།
རྩི་རང་དང་ དར་དཀར་ནང་ དབང་འདུས་ སྤུ་ན་ཁ་ གཞལམ་སྒང་ དེ་ལས་ གསར་སྤང་གི་ མི་སེར་སོ་ནམ་པ་ཚུ་གིས་ ཚལ་ལུ་ཚུ་ དགེ་ལེགས་ཕུག་གི་ རིན་བསྡུར་ཁང་ནང་ འབག་འོང་དོ་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ འབྲུག་པའི་ཕྱིར་ཚོང་པ་ཚུ་གིས་ ཁོང་རའི་ཚལ་ལུ་ཚུ་ ལྡུམ་ར་དང་སྦྲགས་ཏེ་ ཉོ་བའི་ཤུལ་ལུ་ སྣུམ་འཁོར་ཊཱག་ནང་ ཚལ་ལུ་གངམ་དང་རྐྱངམ་གཅིག་ རིན་བསྡུར་ཁང་ནང་ འབག་འོང་དོ་ཡོདཔ་ཨིན་རུང་ དུས་ཅི་འབད་བའི་བསྒང་ལས་ ད་ལྟོ་ལས་ཡང་ གོང་ཚད་རིན་བསྡུར་ནང་ བཅའ་མར་གཏོགས་མི་ལུ་ལྟཝ་ད་ ཚལ་ལུའི་ཐོན་སྐྱེད་ཚུ་ ལེགས་ཤོམ་མེད་པའི་ རྟགས་མཚན་ཨིན་མས་ཟེར་ སླབ་ཨིན་པས།
ཨིན་རུང་ ད་ལྟོ་ ཚལ་ལུ་བཙོང་ནི་ འགོ་བཙུགསཔ་ཅིག་འབད་ནི་དེ་གིས་ ཐོན་སྐྱེད་ལེགས་ཤོམ་ཡོད་མེད་ཀྱི་ཐད་ཁར་ སླབ་མི་ཤེས་པས་ཟེར་ ཨིན་པས།
ཕྱིར་ཚོང་པ་ སངས་རྒྱས་ཟེར་མི་དེ་གིས་ སྤྱི་ཟླ་༡༡ པའི་ཚེས་༢༥ ལས་ གོང་ཚད་འགྲན་བསྡུར་ནང་ བཅའ་མར་གཏོགས་ཡོདཔ་ཨིན་རུང་ ཁོ་གིས་ ད་ལྟོ་ཚུན་ཚོད་ བང་ལ་དེཤི་ལུ་ སྣུམ་འཁོར་ཊཱག་༨ དེ་ཅིག་ བཏང་ཡོདཔ་ཨིན་པས།
ཁོ་གིས་ གསར་སྤང་ལུ་ ཚལ་ལུ་ལྡུམ་ར་༡༠ དེ་ཅིག་ ཧེ་མ་ལས་ མཁོ་མངགས་འབད་དེ་ བཞག་ཡོདཔ་ད་ དེ་ཡང་ ལྡུམ་ར་རེ་ལུ་ གོང་ཚད་དངུལ་ཀྲམ་༡༠༠,༠༠༠ རེ་སྤྲོད་ཡོད་རུང་ ཧེ་མ་ ལྡུམ་ར་རེ་ནང་ལས་ ཚལ་ལུ་མེ་ཊིག་ཊཱོག་རེ་ ཐོན་མི་ཚུ་ དུས་ཅི་ སྣུམ་འཁོར་བོ་ལེ་རོ་ རེ་ལས་བརྒལ་མ་འཐོན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
ཚལ་ལུ་རིན་བསྡུར་ཐོག་ལས་ བཙོང་ནི་དེ་ སྤྱི་ཟླ་༢ པ་ཚུན་ འབད་དོ་ཡོདཔ་ལས་ མི་སེར་སོ་ནམ་པ་ཚུ་གིས་ གོང་ཚད་ལེགས་ཤོམ་འཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *