དཱན་ཀུ་མར་ སན་ཝར།

དཱན་ཀུ་མར་ སཱན་ཝར་གྱིས་ རྒེད་འོག་༥ ལས་ ཚོགས་རྒྱན་གྱི་རྒྱབ་སྐྱོར་ སྒྲིང་སྒྲི་ཐོབ་ཡོདཔ།

༉ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་སྐབས་ལུ་ རྩི་རང་རྫོང་ཁག་གི་འདེམས་ངོ་ དཱན་ཀུ་མར་ སཱན་ཝར་གྱིས་ འདེམས་ངོ་གཞན་༡༡ ལས་ ཁོ་གིས་ ཧ་ལས་སི་སི་སྦེ་ རྒྱལ་ཁ་ཐོབ་ནུག།
རྩི་རང་གི་ རྒེད་འོག་༡༢ ག་ར་གིས་ ཁོ་ལུ་ རྒྱབ་སྐྱོར་སྦོམ་བྱིན་ཡོདཔ་ད་ བར་གཤོང་རྒེད་འོག་གི་ ཚོགས་རྒྱན་༥༨ དང་ མཎྜལ་སྒང་རྒེད་འོག་ལས་ ཚོགས་རྒྱན་༧༧ ཐོབ་ཡོདཔ་མ་གཏོགས་ གཞན་མི་རྒེད་འོག་ག་ར་ནང་ ཁོ་ལུ་ཚོགས་རྒྱན་༡༣༠ ལས་ ཉུངམ་སྦེ་མིན་འདུག།
དཱན་ཀུ་མར་ སན་ཝར་གྱིས་ རྩི་རང་སྟོད་རྒེད་འོག་གི་ འདེམས་ངོ་སྦེ་ཐོན་ཡོད་རུང་སྒོ་གསར་གླིང་ དཀྱིལ་འཁོར་ཐང་ སྤ་ཚར་གླིང་ སེམས་ལྗོངས་དང་ གསེར་གྱི་ཐང་རྒེད་འོག་གི་ ཚོགས་རྒྱན་ཚུ་ལུ་བརྟེན་ ཁོ་གིས་ དོ་འགྲན་འབད་མ་ཚུགས་པའི་རྒྱལ་ཁ་ཐོབ་ནུག།
སྒོ་གསར་གླིང་རྒེད་འོག་ལས་ ཁོ་གིས་ཚོགས་རྒྱན་༢༤༡ ཐོབ་ཡོདཔ་ལས་ རྒེད་འོག་ལས་ འདེམས་ངོ་སྦེ་ཐོན་མི་ ཧོམ་ནཱཊ་ཐ་པ་ལས་ ཚོགས་རྒྱན་༣༤ གིས་ མང་ཡོདཔ་ད་ རྒེད་འོག་དེ་ནང་ མི་སེར་ཡོངས་བསྡོམས་༨༠༧ གྱིས་ ཚོགས་རྒྱན་བཙུགས་ནུག།
དེ་བཟུམ་སྦེ་ དཀྱིལ་འཁོར་ཐང་རྒེད་འོག་ལས་ཡང་ དཱན་ཀུ་མར་ སན་ཝར་གྱིས་ ཚོགས་རྒྱན་ཡོངས་བསྡོམས་༡,༠༨༢ ལས་ ཁོ་གིས་ཚོགས་རྒྱན་༢༣༧ ཐོབ་ཡོདཔ་ད་ རྒེད་འོག་དེ་ནང་འདེམས་ངོ་སྦེ་ཐོན་མི་ མིག་དམར་རྡོ་རྗེ་བླ་མ་གིས་ ཚོགས་རྒྱན་༡༧༩ ལས་ ཐོབ་མ་ཚུགས་པས།
སྤ་ཚར་གླིང་རྒེད་འོག་གི་ མི་སེར་ཚུ་གིས་ཡང་ ཁོང་རའི་ འདེམས་ངོ་བཀྲིས་ནོར་བུ་ལུ་ རྒྱབ་སྐྱོར་འབད་ནི་མེན་པར་ ཁོ་གིས་ དཱན་ཀུ་མར་ སཱན་ཝར་ལུ་ ཚོགས་རྒྱན་༩༣ གིས་ མངམ་བྱིན་ནུག།
བཀྲིས་ནོར་བུ་གིས་ ཚོགས་རྒྱན་༡༡༡ རྐྱངམ་གཅིག་ཐོབ་ཡོདཔ་ལས་ ཁོ་གི་ཚོགས་རྒྱན་དེ་ ཉིམ་ཀརྨ་ཤེར་པ་དང་ མིག་དམར་རྡོ་རྗེ་བླ་མ་ལས་ཡང་ ཉུང་སུ་ཐོབ་ནུག།
ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༩༤༡ ཡོད་མི་ལས་ ཉིམ་ཀརྨ་ཤེར་པ་གིས་ ཚོགས་རྒྱན་༡༤༣ དང་ མིག་དམར་རྡོ་རྗེ་བླ་མ་གིས་ ཚོགས་རྒྱན་༡༣༩ ཐོབ་ནུག།
གསེར་གྱི་ཐང་རྒེད་འོག་གི་འདེམས་ངོ་ བསོད་ནམས་སྟོབས་རྒྱས་ཀྱི་ཡང་ ཁོ་རའི་རྒེད་འོག་གི་ ཚོགས་རྒྱན་ དཱན་ཀུ་མར་ སཱན་ཝར་ལུ་ བདའ་མ་ཟུནམ་ད་ ཁོ་གིས་ བསོད་ནམས་སྟོབས་རྒྱས་ལས་ ལོག་ལྟབ་སྦེ་ཐོབ་ནུག།
སེམས་ལྗོགས་རྒེད་འོག་ནང་ འདེམས་ངོ་ཐོན་མི་མེདཔ་ལས་ རྒེད་འོག་དེ་ནང་ལས་ཡང་ ཚོགས་རྒྱན་༡༦༨ དཱན་ཀུ་མར་ སན་ཝར་ལུ་བཙུགས་ཏེ་ མཐོ་ཤོས་ཁོ་ར་ཨིན་པས།
སེམས་ལྗོངས་ཀྱི་ མི་སེར་ཚུ་གི་ ཚོགས་རྒྱན་འདི་ འདེམས་ངོ་ཚུ་གི་བར་ན་ བགོ་བཤའ་རྐྱབ་སྟེ་ བཙུགས་ཡོདཔ་ད་ དེ་ཡང་ ཕུན་རྟེན་ཆུ་གི་འདེམས་ངོ་ ལོག་ནཱཐ་ཏི་ཝ་རི་གིས་ ཚོགས་རྒྱན་༡༤༥ ཐོབ་ཡོདཔ་ད་ བར་གཤོང་གི་འདེམས་ངོ་ གནག་མདོག་རིན་ཆེན་གྱིས་༡༢༩ མནྜལ་སྒང་གི་འཐུམས་མི་ ར་མེཤ་ཆེ་ཏི་རི་བཱན་ད་རི་གིས་ ཚོགས་རྒྱན་༡༤༢ སྒོ་གསར་གླིང་གི་འདེམས་ངོ་ ཧོམ་ནཱཊ་གིས་༨༦ དང་ སྤ་ཚར་གླིང་རྒེད་འགོ་གི་ འདེམས་ངོ་བཀྲིས་ནོར་བུ་གིས་༧༠ ཐོབ་ནུག།
བཙག་འཐུ་གྲུབ་མི་ འཐུས་མི་དེ་གིས་ རྒེད་འོག་ནང་ འདེམས་ངོ་ཡོད་མི་ མཚོ་གླིང་ཁར་རྒེད་འོག་ལས་ ཁོ་གིས་ཚོགས་རྒྱན་༢༤༡ དང་ དུང་ལ་སྒང་ལས་༡༧༦ མནྜལ་སྒང་ལས་༧༧ ཕུན་རྟེན་ཆུ་ལས་༡༣༣ རང་ཐ་གླིང་ལས་༡༨༧ ཐོབ་ཡོདཔ་ལས་ དེ་གི་སྦེ་ ཁྱད་པར་སྦོམ་བཟོ་ནུག།
རྩི་རང་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༡༣,༤༣༥ ནང་ལས་ ཁོ་གིས་ ཚོགས་རྒྱན་༢,༨༢༥ ཐོབ་ཡོདཔ་ལས་ ཨང་གཉིས་པ་ཐོན་མི་ བར་གཤོང་རྒེད་འོག་གི་ འདེམས་ངོ་གནག་མདོག་རིན་ཆེན་ལས་ ལོག་ལྟབ་སྦེ་ མཐོ་སོ་ནུག།
ད་ལྟོ་ རྩི་རང་གི་ མི་སེར་མང་ཤོས་ཅིག་གིས་ ཁོང་རའི་གདམ་ཁ་འདི་ མ་འཛོལ་བས་ཟེར་ སླབ་དོ་ཡོདཔ་ད་ ཁོང་གིས་ མནོ་མི་ འདེམས་ངོ་དེ་ར་ བཙག་འཐུ་གྲུབ་ནི་དེ་གིས་ སེམས་དགའ་ཡོདཔ་སྦེ་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།

 

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *