རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ དཱན་ཀུ་མར།

དཱན་ཀུ་མར་གྱིས་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་ལུགས།

༉ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ སྐྱེས་ལོ་༣༡ ལང་མི་ དཱན་ཀུ་མར་ སུན་ཝར་གྱིས་ རྩི་རང་རྫོང་ཁག་ལས་ དོ་འགྲན་འབད་མི་༡༡ ཕམ་བཏང་ཞིནམ་ལས་ རྫོང་ཁག་ཚོགས་སྡེའི་འཐུས་མི་སྦེ་ གདམ་འཐུ་གྲུབ་པའི་སྐོར་ལས་ གྲུབ་འབྲས་གསལ་བསྒྲགས་འབད་བའི་སྐབས་ ཁོ་གི་ཕམ་༢ ལུ་ དགའ་བ་ཚད་མེད་བྱུང་ནུག།

དཱན་ཀུ་མར་གྱིས་ སློབ་གྲྭ་ནང་ལས་འགོ་བཙུགས་ སྤྱི་ཚོགས་ཚུན་ ལྷོད་ནི་ལུ་ དཀའཝ་སྤྱད་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ལོ་༡༩༩༦ ལུ་ རྩི་རང་སྟོད་སློབ་གྲྭ་ཆུང་བའི་ནང་ འཛུལ་ཞུགས་འབད་མི་ ཁོ་རའི་བཟའ་ཚང་ནང་ལས་ འགོ་དང་པ་ཨིནམ་ད་ སློབ་གྲྭར་ལྷོད་ནི་ལུ་ ཁོ་རའི་གཡུས་ཀ་བལ་ཤིང་ལས་ དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་ རྐང་སྟོང་སྦེ་ ལམ་ འགྱོ་དགོཔ་ཐོན་ཡོདཔ་ཨིན་པས།

ཨིན་རུང་ ཁོ་བ་ལྷགཔ་སྦེ་ ཁོ་གི་ཕམ་ཚུ་ སོ་ནམ་པ་འབད་རུང་ ཁོ་གི་ཤེས་ཡོན་དང་ མ་འོངས་པའི་དོན་ལུ་ མ་འོངས་སྔོན་མཐོང་ཅན་ཅིག་སྦེ་ སྡོད་ཡོདཔ་ད་ དཱན་ཀུ་མར་གྱིས་ སླབ་མིའི་ནང་ ཧེ་མ་ཁོ་རའི་ཕམ་ཚུ་ མི་ཚེ་འཚོ་སྐྱོང་འཐབ་ནི་ལུ་ ལཱ་ཁག་རྐྱབ་ཅི་ཟེར་ཨིན་པས།

ས་ཞིང་ནང་ ལོ་ཐོག་ག་ཅི་ར་བཏབ་རུང་ རི་དྭགས་སེམས་ཅན་ཚུ་གིས་ མེདཔ་གཏང་དོ་ཡོདཔ་བཞིན་དུ་ བཟའ་ཚང་དོན་ལུ་ འོང་འབབ་ཀྱི་ འབྱུང་ཁུངས་ཟེར་རུང་ སྦ་གི་ཐོན་སྐྱེད་ལུ་ བརྟེན་དོ་ཡོདཔ་ད་ ཁོ་གི་ཕམ་གིས་ ད་རེས་ནངས་པར་ཡང་ ཚར་བཟོ་ལུ་སྤྲོ་བ་བསྐྱེད་དེ་ ནང་ལོ་དང་ད་ལོ་ཚུ་ འཐག་སྲོལ་ཡོདཔ་ཨིན་པས།

ཁོ་གི་ཕམ་ཚུ་གིས་ཐགས་མི་ སྦ་གི་ཐོན་སྐྱེད་ཚུ་གིས་ འདས་པའི་ལོ་ཚུ་ནང་ རྩི་རང་གི་མི་སེར་ཚུ་ལུ་ བྱཱ་བསྡུ་བའི་དུས་ཚོད་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཁོ་ར་ ཕམ་ཉམ་ཆུང་གི་ཨ་ལོ་ཨིན་པའི་ཁར་ གཡུས་ཁར་ གནས་ཚད་དམའ་ཤོས་ནང་ སྡོད་ནི་དེ་གིས་ རྩི་རང་གི་མི་སེར་ཚུའི་དོན་ལུ་ ལཱ་རྩ་འགེངས་ཏེ་འབད་ནིའི་ སེམས་ཤུགས་ཐོབ་ཅི་ཟེར་ཨིནམ་ད་ མི་སེར་གྱི་བརྩེ་བ་དང་ རྒྱབ་སྐྱོར་ལུ་བརྟེན་ བློ་གཏད་སྦོམ་ཡོད་ཟེར་ ཨིན་པས།

བཙག་འཐུའི་ནམ་དུས་ལུ་ རྩི་རང་གི་ ཚོགས་རྒྱན་བཙུགས་མི་ རེ་རེ་བཞིན་དུ་གིས་ དཱན་ཀུ་མར་དེ་ བཅའ་མར་གཏོགས་མི་ འདེམས་ངོ་ཚུའི་གྲས་ལས་ བཟའ་ཚང་ཉམ་ཆུང་ནང་ལས་ཨིན་པའི་ ཤེས་རྟོགས་བྱུང་ནུག།

བཙག་འཐུ་མཇུག་བསྡུ་བའི་ཤུལ་ལས་ རྩི་རང་གི་མི་སེར་ཚུའི་བར་ན་ བཙག་འཐུ་ནང་ རྒྱལ་ཁ་འཐོབ་ནི་ལུ་ དངུལ་འབྲེལ་རྒྱབ་ཁུངས་སྒྲིང་སྒྲི་དགོཔ་ ངེས་པ་མིན་འདུག་ཟེར་ཨིནམ་ད་ ཚོགས་རྒྱན་སྐྱུར་མི་ཅིག་ཨིན་མི་ སྤེན་པ་གིས་ སླབ་མིའི་ནང་ སྲིད་དང་སྤྱི་ཚོགས་ནང་ ཁོ་བཟུམ་ཅིག་ དགོཔ་འདུག་ཟེར་ སླབ་ཨིན་པས།

ཁོ་ར་ སྐྱེས་ས་སྦོམ་ས་ རྩི་རང་ལུ་ཨིན་པའི་ཁར་ ཁོ་གིས་ རྩི་རང་སྟོད་སློབ་གྲྭའི་ཤུལ་ལས་ འགྲམ་ཕུག་སློབ་གྲྭ་ཆེ་བའི་ནང་ ཚོང་རིག་ཆོས་ཚན་ནང་ སློབ་རིམ་༡༢ པ་ ལྷབ་ཚར་བའི་ཤུལ་ལས་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་ནང་ལས་ ཚོང་རིག་ཤེས་ཡོན་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཡོདཔ་ད་ ཁོ་གིས་ མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་དོ་དམ་པའི་ འགན་ཁུར་ཡང་ འབག་ནུག།

རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ ཕྱག་ཞུ་བའི་སྐབས་ གཞུང་གི་སྲིད་བྱུས་དང་ལས་རིམ་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་རིམ་བཟུང་འནི་ཨིན་ཟེར་ བཤདཔ་ཨིན་པས།

དཱན་ཀུ་མར་དེ་ ད་ལྟོ་ ཁྲིམས་བཟོ་དང་ཕྱི་འབྲེལ་མཐུན་འབྲེལ་ཚོགས་ཆུང་གི་ འཐུས་མི་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ད་ལྟོ་ ཚོགས་ཆུང་གིས་ དམིགས་གཏད་ཚུ་ བཟོ་སྟེ་མེདཔ་ད་ དེ་གི་ཧེ་མར་ ཁོ་གི་ འདེམས་ཁོངས་ལྟ་སྐོར་ལས་རིམ་ཡོད་ཟེར་ཨིནམ་ད་ ད་ཚུན་ མི་སེར་ཚུ་དང་གཅིག་ཁར་ཕྱད་དེ་ བཀའ་དྲིན་དགའ་འཚོར་བསམ་ནིའི་ དུས་ཚོད་མ་འཐོབ་ཟེར་ཨིན་པས།

གཡུས་ཁར་འབད་བ་ཅིན་ ཁོ་གི་རེ་བ་དེ་ ཕམ་༢ ལུ་ ཁྱིམ་དགའ་ཏོག་ཏོ་ཅིག་ རྐྱབ་བྱིན་ནི་ཟེར་ཨིནམ་ད་ ཁོ་ར་ སྤྱི་ལོ་༢༠༡༣ ལུ་ སློབ་གྲྭ་ནང་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ལོ་ལུ་ ཏཱ་ར་ཡ་ན་གཞི་ཚོགས་ཀྱིས་ བཟོ་སྐྲུན་མཁོ་ཆས་ཚུ་གི་ རྒྱབ་སྐྱོར་འབད་ཐོག་ལས་ ཁྱིམ་ཅིག་རྐྱབ་བྱིན་ཡོདཔ་ཨིན་པས།

རྩི་རང་ལུ་ ཏཱ་ར་ཡ་ན་ལས་འགུལ་གྱིས་ དཀའ་སྡུག་བྱུང་མི་ཚུ་ལུ་ ཁྱིམ་རྐྱབ་བྱིན་ནི་དང་ སློབ་ཕྲུག་ཚུ་ལུ་ ཤེས་ཡོན་ལྷབ་བཅུག་ནི་ དེ་ལས་ གཡུས་ཚན་ཚུ་ནང་ འཐུང་ཆུའི་མཐུད་སྦྲེལ་དང་ ཤིང་གི་ལྕངམ་ཚུ་ བཀྲམ་སྤེལ་འབད་ནི་དེ་གིས་ ཕན་ཐོགས་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་ད་ ཁོ་གི་བཟའ་ཚང་དེ་ ཕན་ཐོགས་བྱུང་མི་ཚུའི་གྲས་ལས་ གཅིག་ཨིན་ཟེར་ དཱན་ཀུ་མར་གྱིས་ བཤདཔ་ཨིན་པའི་ གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *