དལ་རྒྱུག་གྱོན་ཆས་ ཊེག་སུཊ་གྱོན་མི་ སློབ་ཕྲུག་ཨ་ལོ་ཚུ།

དལ་རྒྱུག་གྱོན་ཆས་ཊེག་སུཊ་ གཟུགས་ཁམས་འཕྲོད་བསྟེན་དང་ ལུས་སྦྱོང་གི་ དུས་ཚོད་ལུ་མ་གཏོགས་ གྱོན་མི་ཆོག་ནི།

༉ ཤེས་རིག་ལྷན་ཁག་གིས་ སློབ་གྲྭ་ཁག་ཚུ་ནང་ སློབ་ཕྲུག་ཚུ་གིས་ དལ་རྒྱུག་གྱོན་ཆས་ ཊེག་སུཊ་དེ་ གཟུགས་ཁམས་འཕྲོད་བསྟེན་གྱི་དོན་ལུ་དང་ ལུས་སྦྱོང་ཤེས་ཡོན་གྱི་ དུས་ཚོད་ལུ་མ་གཏོགས་ གྱོན་མི་ཆོག་ཟེར་བའི་ ཡིག་ཚང་བཀའ་རྒྱ་ བཏོན་ཡོདཔ་ཨིན་པས།
བཀའ་རྒྱ་དེ་ཡང་ སྤྱི་ཟླ་༡༡ པའི་༡༦ ལུ་ པདྨ་དགའ་ཚལ་གྱི་ རྫོང་ཁག་ཚོགས་འདུ་གིས་ སློབ་གྲྭ་ཁག་ལས་ཕར་ རྩེད་རིགས་ཀྱི་སྒྲིག་གོ་ ཊེག་སུཊ་གྱོན་ནི་དེ་ ཤུགས་ཆེ་བའི་རྐྱེན་གྱིས་ རྒྱལ་ཡོངས་ཀྱི་གྱོན་ཆས་ གོ་དང་དཀྱི་རའི་ སྲོལ་བཟང་དེ་ལུ་ ཐོ་ཕོག་ཉེན་ཡོད་པའི་སྐོར་ལས་ རྒྱལ་ཡོངས་ཚོགས་འདུ་ལུ་ གྲོས་འབུལ་ཕུལ་མི་ལུ་བརྟེན་ ལམ་ལུགས་དེ་ དང་ལེན་འབད་དགོ་པའི་ བཀའ་རྒྱ་ ཤེས་རིག་ལྷན་ཁག་ལུ་ བཏང་མི་དང་འཁྲིལ་ཏེ་ཨིན་པས།
ང་བཅས་རའི་ ཐུན་མོང་མ་ཡིན་པའི་ རྒྱལ་ཡོངས་གྱོན་ཆས་ལུ་ བརྩི་མཐོང་གི་སྒོ་ལས་ སྲོལ་ཁྱུན་རྒྱུན་སྐྱོང་འཐབ་ནིའི་དོན་ལུ་ ཤེས་རིག་གི་ སློབ་གྲྭ་ཆེ་ཆུང་གསུམ་ག་ར་གིས་ རང་སོའི་རྩེད་རིགས་དང་ ཚོགས་ཕྲན་གྱི་ ཉིནམ་ལུ་མ་གཏོགས་ དུས་ཚོད་གཞན་ཚུ་ནང་ ཨ་རྟག་ར་ སློབ་གྲྭའི་ས་ཁོངས་ནང་འཁོད་དང་ འབྲུག་གི་ རྒྱལ་དར་རྩ་བ་ལས་ཕར་ སྒྲིག་གོ་གོ་དང་ དཀྱི་ར་དེ་ར་ ལག་ལེན་འཐབ་དགོ་ཟེར་ ཡིག་ཚང་བཀའ་རྒྱ་ནང་ བཀོད་ནུག།
རྒྱལ་ཡོངས་ཚོགས་སྡེའི་ དྲུང་ཆེན་ཡིག་ཚང་ལས་ ལྷོད་པའི་ཡི་གུ་དང་འཁྲིལཝ་ད་ ཡི་གུ་དེ་ཡང་ པདྨ་དགའ་ཚལ་གྱི་ རྫོང་ཁག་ཚོགས་འདུའི་ གྲོས་གཞི་དེ་ རྒྱལ་ཡོངས་ཚོགས་འདུ་ནང་ གྲོས་བསྡུར་འབད་ནིའི་དོན་ལུ་ བཏང་ནུག་ཡོདཔ་ཨིན་པས།
ཨིན་རུང་ དྲུང་ཆེན་ཡིག་ཚང་གིས་ གྲོས་གཞི་དེ་ ཚོགས་འདུ་ནང་ གྲོས་བསྡུར་འབད་ནི་ལུ་ འོས་འབབ་མཐོངམ་ལས་ ཚོགས་འདུའི་གྲོས་གཞི་ཚོགས་ཆུང་གིས་ གྲོས་གཞི་དེ་ལུ་ ལྷན་ཁག་ནང་ སྲིད་བྱུས་ཡོད་མེད་ བལྟ་དགོཔ་སྦེ་ གྲོས་གཞི་དེ་ ལྷན་ཁག་ལུ་ བཏང་ཡོདཔ་ཨིན་པས།
ཤེས་རིག་ལས་ཁུངས་ཀྱི་ སློབ་གྲྭ་འཆར་གཞི་དང་ མཉམ་འབྲེལ་སྡེ་ཚན་གཙོ་འཛིན་ངོ་ཚབ་ ཀ་ཀ་གིས་ སླབ་མིའི་ནང་ སློབ་ཕྲུག་ཚུ་གིས་ ཊེག་སུཊ་ཚུ་ གཟུགས་ཁམས་འཕྲོད་བསྟེན་དང་ ལུས་སྦྱོང་ཤེས་ཡོན་ དེ་ལས་ ཀ་ལབ་ཀྱི་ དུས་ཚོད་ལུ་མ་གཏོགས་ གྱོན་མི་ཆོག་ཟེར་ཨིན་པས།
བཀའ་རྒྱ་དེ་ཡང་ སློབ་གྲྭ་ག་ར་གིས་ ངོས་ལེན་འབད་དགོཔ་མ་ཚད་ ཤེས་རིག་ལྷན་ཁག་གི་ སྲིད་བྱུས་ཚུ་ཡང་ བཀའ་རྒྱ་དང་འཁྲིལ་ཨིནམ་ལས་ ལྷན་ཁག་གིས་ སློབ་གྲྭ་ཚུ་ནང་ ཊེག་སུཊ་སྐོར་ལས་ བརྟག་ཞིབ་མ་འབད་རུང་ ཊེག་སུཊ་དེ་ ཧེ་མ་ལས་ར་ ལག་ལེན་འཐབ་སྡོད་ནུག་ཟེར་ཨིན་པས།
ལས་ཁུངས་ཀྱི་ འཆར་གཞི་འགོ་དཔོན་འོགམ་ ཚེ་རིང་དཔལ་འབྱོར་གྱིས་ སླབ་མིའི་ནང་ སློབ་གྲྭ་ཚུ་ནང་ ཊེག་སུཊ་གྱོན་ནིའི་ ལམ་ལུགས་དེ་ སྤྱི་ལོ་༢༠༠༨ ལུ་ ཐིམ་ཕུག་ དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མ་ལས་ འགོ་བཙུགས་ནུག་ཟེར་ཨིན་པས།
དེ་ཡང་ སློབ་གྲྭ་དེ་གིས་ ཤེས་རིག་ལྷན་ཁག་ ན་གཞོན་རྩེད་རིགས་ལས་ཁུངས་ལུ་ ཊེག་སུཊ་ཚུ་ གཟུགས་ཁམས་འཕྲོད་བསྟེན་དང་ ལུས་སྦྱོང་ཤེས་ཡོན་གྱི་དོན་ལུ་ གྱོན་ཆོགཔ་སྦེ་ གྲོས་འཆར་བཙུགས་ཐོག་ལས་ སློབ་ཕྲུག་ཚུ་གིས་ ཊེག་སུཊ་གྱོན་ནི་ འགོ་བཙུགས་མི་ལས་ཚུར་ རྒྱལ་ཁབ་ནང་ དར་ཁྱབ་སོང་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ སློབ་གྲྭ་ལྟེ་བ་ཚུ་ནང་ གཟུགས་ཁམས་འཕྲོད་བསྟེན་དང་ ལུས་སྦྱོང་ཤེས་ཡོན་གྱི་ དུས་ཚོད་ལུ་ ཊེག་སུཊ་གྱོན་ནིའི་དོན་ལུ་ ཊེག་སུཊ་ཉོ་ནི་གི་ འཆར་དངུལ་ཡོད་རུང་ སློབ་གྲྭ་གཞན་ཚུ་ནང་ ག་དེ་སྦེ་ཡོད་ག་ སླབ་མི་ཤེས་ཟེར་ཨིན་པས།
པདྨ་དགའ་ཚལ་རྫོང་ཁག་གི་ཁྲི་འཛིན་ ལྕོང་ཤིང་རྒཔོ་ པདྨ་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ དེ་བཟུམ་མའི་ གྲོས་གཞི་ཐོན་མི་དེ་ཡང་ ད་རེས་ནངས་པར་ སློབ་གྲྭའི་དུས་ཚོད་སྐབས་ལུ་ཡང་ སློབ་ཕྲུག་ཚུ་གིས་ ཊེག་སུཊ་དེ་ར་ གྱོན་སྡོད་མི་ལུ་བརྟེན་ རྒྱལ་ཡོངས་ཀྱི་ གྱོན་ཆས་གོ་དང་དཀྱི་ར་ ཉམས་ཉེན་ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཀ་ཀ་གིས་འབད་བ་ཅིན་ སློབ་གྲྭ་ཚུ་ནང་ བཀའ་རྒྱ་བཏང་མི་དེ་ཡང་ གོ་དང་ དཀྱི་ར་ཚུ་ གྱོན་དགོ་པའི་ ལམ་ལུགས་ཡོད་མི་ཚུ་ བསྟར་སྤྱོད་འབད་ནི་ལུ་ དྲན་གསོ་བཟུམ་ཅིག་ཨིནམ་ད་ ཊེག་སུཊ་དེ་ཡང་ ཁྲོམ་སྡེ་དང་ འབྲིང་རིམ་སློབ་གྲྭ་ མང་ཤོས་ཅིག་གིས་ ལག་ལེན་འཐབ་བཞིན་དུ་འདུག་ཟེར་ཨིན་པས།
ན་ཧིང་ ཐིམ་ཕུག་ཁྲོམ་སྡེ་གིས་ དལ་རྒྱུག་གྱོན་ཆས་ཀྱི་ གནད་དོན་ཐོག་ལུ་ བསྐྱར་ཞིབ་འབད་བའི་སྐབས་ ཁྲོམ་སྡེ་འོག་གི་ སློབ་གྲྭའི་སློབ་ཕྲུག་ཚུ་གིས་ ཊེག་སུཊ་ཚུ་ཡང་ རེས་གཟའ་སྤེན་པ་དང་ ཉི་མའི་ནང་ གཟུགས་ཁམས་འཕྲོད་བསྟེན་དང་ ལུས་སྦྱོང་ཤེས་ཡོན་ འགོ་འདྲེན་འཐབཔ་ད་མ་གཏོགས་ གྱོན་མ་ཆོགམ་སྦེ་ གྲོས་ཐག་བཅད་ནུག།
ལམ་ལུགས་གསརཔ་དེ་ཡང་ རྒྱལ་ཡོངས་ངོ་རྟགས་ བདག་འཛིན་འཐབ་ནི་དེ་ གཞུང་གི་སྲིད་བྱུས་ཨིནམ་ལས་ དེ་དང་འཁྲིལ་ཏེ་ བཟོ་ཡོདཔ་ད་ ཊེག་སུཊ་དེ་ཡང་ གལ་སྲིད་ སློབ་གྲྭ་ཚུ་གིས་ སྟབས་བདེ་བ་ཅིན་ ལས་རིམ་ཚུ་ཡང་ རེས་གཟའ་ཉི་མ་ལུ་ གྱོན་ཆས་གཅིག་མཚུངས་གྱོན་ཐོག་ལས་ འགོ་འདྲེན་འཐབ་གནང་ཟེར་ ཁྲོམ་སྡེའི་ ཁྱབ་བསྒྲགས་ནང་ གསལ་བཀོད་འབད་ཡོདཔ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *