དར་དཀར་རྒེད་འོག་ དོམ་ས་ཚུན་ འཁོར་ལམ་བསལ་ནི།

༉ དབང་འདུས་ཕོ་བྲང་ དར་དཀར་རྒེད་འོག་གི་ དོམ་ས་ཚུན་ འཁོར་ལམ་བསལ་ནི་ འགོ་བཙུགས་ཡོདཔ་ཨིན་པས།

འཁོར་ལམ་བསལ་ཚར་བའི་བསྒང་ལས་ འཕྲལ་མགྱོགས་ར་ རྫས་སྦྱོར་མེད་པའི་ སོ་ནམ་ཐོན་སྐྱེད་འབད་མི་ གཡུས་ཚན་ཅིག་སྦེ་ བཟོ་ཐོག་ལས་ སོ་ནམ་གྱི་ ཐོན་སྐྱེད་ཡར་དྲག་གཏང་ནིའི་ རེ་བ་ཡོདཔ་ཨིན་པས།

སོ་ནམ་པ་དཔེ་ཀྲ་གིས་ སོ་ནམ་གྱི་ལཱ་ལུ་ གཙོ་རིམ་བཟུང་སྟེ་ཡོདཔ་ལས་ འཁོར་ལམ་དེ་ གལ་གནད་ཅན་ཅིག་ཨིན་ཟེར་ བཤདཔ་ཨིན་པས།

ད་ལྟོ་ དོམ་སའི་ཁྱིམ་གུང་༡༣ གྱི་མི་ཚུ་ འཁོར་ལམ་ཚུན་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ རྐང་སྟོང་སྦེ་ འོང་དོ་ཡོདཔ་ད་ ཁོ་ལུ་ རྟ་ཅིག་ཡང་མེདཔ་ལས་ སོ་ནམ་ཐོན་སྐྱེད་ཚུ་ བཙོང་ནིའི་དོན་ལས་ གཞན་གྱི་རྟ་ཚུ་ གླ་ཁར་ལེན་ཐོག་ལས་ ཚོང་ཁྲོམ་ནང་ འབག་དགོ་པའི་ཟེར་ སྐྱེས་ལོ་༦༣ ལང་མི་ དཔེ་ཀྲ་གིས་ བཤདཔ་ཨིན་པས།

རྟ་རེ་ལུ་ གླ་འཐུས་དངུལ་ཀྲམ་༤༠༠ རེ་ སྤྲོད་དོ་ཡོདཔ་ད་ དོམ་སའི་མི་སེར་ཚུ་གིས་ ཨེ་མ་དང་ ལ་ཕུག་ ཧོན་ཚོད་ཚུ་ ས་ཞིང་ཨེ་ཀར་༣༠ དེ་ཅིག་ནང་ འཛུགས་སྐྱོང་འབད་དེ་ཡོདཔ་ཨིན་པས།

དར་དཀར་སོ་ནམ་རྒྱ་སྐྱེད་འགོ་དཔོན་ བཀྲིས་སྒྲོལ་མ་གིས་ སླབ་མི་དང་འཁྲིལཝ་ད་ ལོ་བསྟར་བཞིན་དུ་ སོ་ནམ་པ་ཚུ་གིས་ ས་ཆ་ས་ཆ་ཌིསི་༣༠ ལས་ ཨེ་ཀར་༨ ཚུན་ ཨེ་མ་ཚུ་ འཛུགས་སྐྱོང་འབད་དོ་ཟེར་ཨིན་པས།

ཨེ་མའི་ལྕངམ་བཙུགས་ནི་དེ་ཡང་ སྤྱི་ཟླ་༦ པ་ལས་ འགོ་བཙུགས་ཏེ་ ཐོན་སྐྱེད་ཚུ་ སྤྱི་ཟླ་༡༡ པ་དང་༡༢ པའི་ནང་ ཁྲོམ་ཁར་ལྷོདཔ་བཞིན་དུ་ སོ་ནམ་པ་ཚུ་གིས་ ཨེ་མ་སྦོམ་དང་ ཆུང་ཀུ་༢ ཆ་ར་ འཛུགས་སྐྱོང་འབད་དོ་ཡོདཔ་ཨིན་པས།

ད་རེས་ དོམ་ས་ཚུན་ ལམ་ཀི་ལོ་མི་ཊར་༦.༥ དེ་ཅིག་འབད་མི་ལས་ ཀི་ལོ་མི་ཊར་༡ ལམ་རྡོ་སྒྲིག་ཡོདཔ་ད་ ལཱ་དེ་ཡང་ འདས་པའི་བདུན་ཕྲག་ལས་ འགོ་བཙུགས་ཡོདཔ་ལས་ སྤྱི་ཟླ་༥ པའི་ནང་ མཇུག་བསྡུ་ནི་ཨིན་པས།

འཁོར་ལམ་ལུ་བརྟེན་ སོ་ནམ་ཐོན་སྐྱེད་བཙོང་ནིའི་ དཀའ་ངལ་ཚུ་ བསལ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ད་ ཧེ་མ་འབད་བ་ཅིན་ ཐོན་སྐྱེད་ཚུ་ རང་སོའི་སྒལ་པར་དང་ ཡང་ཅིན་ རྟ་གུ་འབག་དགོཔ་བཞིན་དུ་ ཐོན་སྐྱེད་ཚུ་ཡང་ སྤུ་ན་ཁ་དང་ དབང་འདུས་ལུ་ འབག་དོ་ཟེར་ དཔེ་ཀྲ་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ འཁོར་ལམ་གསརཔ་ལུ་བརྟེན་ འོང་འབབ་ཡང་ ཡར་དྲག་འགྱོ་འོང་ཟེར་ཨིནམ་ད་ ལོ་བསྟར་བཞིན་དུ་ དཔེ་ཀྲ་གིས་ སོ་ནམ་ཐོན་སྐྱེད་བཙོང་སྟེ་ འོང་འབབ་དངུལ་ཀྲམ་༩༠,༠༠༠ དེ་རེ་ བཟོ་དོ་ཡོདཔ་ཨིན་པས།

འཁོར་ལམ་དེ་ཡང་ རྒེད་འོག་གི་འཆར་དངུལ་ལས་ དངུལ་ཀྲམ་ས་ཡ་༤ བཏང་ཐོག་ལས་ བསལ་དོ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *