དར་དཀར་ནང་ རྩེ་བཟང་རྒེད་འོག་ནང་ རྒྱང་མཐོང་ཊི་བིའི་མཐུད་སྦྲེལ།

༉ དར་དཀར་ནང་ རྩེ་བཟང་རྒེད་འོག་ནང་ རྒྱང་མཐོང་ཀེ་བཱལ་གྱི་ མཐུད་སྦྲེལ་མེདཔ་ལས་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་ རྡོ་རྗེ་བཟངམོ་གིས་ འགོ་དང་པ་ ཌི་ཊི་ཨེཆ་ཟེར་མི་ རྒྱང་མཐོང་དེ་ སྤྱོད་འཐུས་ཐོག་ལུ་སྦེ་ མཐུད་སྦྲེལ་འབད་ཡོདཔ་ཨིན་པས།

ཨིན་རུང་ མཐུད་སྦྲེལ་འབད་དེ་ ཞག་དག་པ་ཅིག་གི་ནང་འཁོད་ མེདཔ་ཐལ་ཡོདཔ་ལས་ མཐུད་སྦྲེལ་འབད་མི་གིས་ བཅོ་ཁ་རྐྱབ་ཡོད་རུང་ ཉིནམ་༣ དེ་ཅིག་ཡང་ ལག་ལེན་འཐབ་མ་བཏུབ་མ་ཚད་ མོ་གིས་ རྒྱང་མཐོང་ཊི་བི་ གསརཔ་ཉོ་མི་དེ་ཡང་ མེདཔ་ཐལ་སོ་ཡི་ཟེར་ཨིན་པས།

རྡོ་རྗེ་བཟངམོ་གིས་ དངུལ་ཀྲམ་༤,༦༣༠ སྤྲོད་ཐོག་ལས་ ཌི་ཊི་ཨེཆ་རྒྱང་མཐོང་དེ་ མཐུད་སྦྲེལ་འབད་ཡོདཔ་བཞིན་དུ་ ཊི་བི་༢ པོ་ཆ་ར་ མེདཔ་ཐལ་མི་ལུ་བརྟེན་ ལོག་མཐུད་སྦྲེལ་འབད་ནི་དེ་ བཤོལ་བཞག་ཡོདཔ་ཨིན་པས།

མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མཐའ་ཟུར་གྱི་ རྒེད་འོག་ཅིག་འབདཝ་ལས་ རྩེ་བཟང་གི་གཡུས་མི་ཚུ་ གནས་ཚུལ་ བལྟ་ནིའི་དོན་ལུ་ ཌི་ཊི་ཨེཆ་རྒྱང་མཐོང་ལུ་ བརྟེན་དགོ་པས་ཟེར་ཨིན་རུང་ གནམ་གཤིས་གནས་སྟངས་ ལེགས་ཤོམ་མེད་མི་དེ་གིས་ གདོང་ལེན་འདུག་ཟེར་ཨིན་པས།

ད་རེས་ ཁྱིམ་གུང་པ་༩༠ ལྷགཔ་ཅིག་གིས་ ཌི་ཊི་ཨེཆ་རྒྱང་མཐོང་དེ་ མཐུད་སྦྲེལ་འབད་ཡོདཔ་བཞིན་དུ་ ཧེ་མ་འབད་བ་ཅིན་ མི་ཚུ་གིས་ སི་-བེནཌ་སེ་ཊ་ལའེཊ་ཌིཤ་ཚུ་ ལག་ལེན་འཐབ་ཡོདཔ་ཨིན་པས།

འཕྲལ་ཁམས་ཅིག་ཁར་ མཐུད་སྦྲེལ་འབད་མི་ དཔལ་གླིང་ལས་ འཆི་མེད་དབང་མོ་གིས་ སླབ་མིའི་ནང་ ད་ལྟོ་ རྒྱང་མཐོང་དེ་ ལེགས་ཤོམ་སྦེ་ བལྟ་ཚུགས་པས་ཟེར་ཨིནམ་ད་ ཧེ་མ་དང་ཕྱདཔ་ད་ བརྡ་འཕྲིན་སིག་ནཱལ་དང་ རྒྱུན་ལམ་༢ པོ་ཆ་ར་ ད་ལྟོ་དྲག་པས་ཟེར་ཨིན་པས།

རྩེ་བཟང་རྒཔོ་ ཕུར་པ་གིས་ སླབ་མིའི་ནང་ རྒྱང་མཐོང་ཀེ་བཱལ་ མཐུད་སྦྲེལ་འབད་ནིའི་ འོས་འབབ་ཡོད་རུང་ མི་ཚུ་གིས་ མཐུད་སྦྲེལ་འབད་བའི་སྐབས་རྐྱངམ་གཅིག་ ཏི་རུ་སྤྲོད་དགོཔ་ལས་ ཌི་ཊི་ཨེཆ་ཊི་བི་མཐུད་སྦྲེལ་འབད་ནི་ལུ་ གདམ་ཁ་རྐྱབ་མས་ཟེར་ཨིནམ་ད་ ཁོང་གིས་ ལོ་༡ གི་ ཞབས་ཏོག་འགན་ལེན་དེ་ཡང་ སྤྲོད་ནུག་ཟེར་ཨིན་པས།

ཁོ་གིས་ འབད་བ་ཅིན་ སྤྱི་ལོ་༢༠༡༨ ལུ་ རྒེད་འོག་བདག་སྐྱོང་གིས་ རྒྱང་མཐོང་ཀེ་བཱལ་མཐུད་སྦྲེལ་འབད་ནིའི་ དཔའ་བཅམ་ཡི་ཟེར་ཨིན་རུང་ ཁྱིམ་གུང་པ་༩ མ་གཏོགས་ སྤྲོ་བ་བསྐྱེད་མི་མེདཔ་ལས་ ཞབས་ཏོག་སྤྲོད་མི་གིས་ གྱོང་རྒུད་ཕོག་ནི་མས་ཟེར་སླབ་སྟེ་ མཐུད་སྤྲེལ་འབད་མ་བཏུབ་ཟེར་ཨིན་པས།

གནམ་བྱཱར་ཆརཔ་རྐྱབ་ད་དང་ གནམ་གཤིས་གནས་སྟངས་ ལེགས་ཤོམ་མེད་པའི་སྐབས་རྐྱངམ་གཅིག་ རྒྱང་མཐོང་ལུ་ གནོདཔ་མས་ཟེར་ཨིནམ་ད་ འདས་པའི་ལོ་ནང་ སེ་ཊ་ལའིཊ་ཌིཤ་ དག་པ་ཅིག་རྐྱངམ་གཅིག་ལུ་ བརྡ་འཕྲིན་སིག་ནཱལ་མེད་པའི་ དཀའ་ངལ་ཐོན་ཡི་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།  

ཞབས་ཏོག་བྱིན་མི་ ཨྱོན་ཚེ་རིང་གིས་ སླབ་མིའི་ནང་ འགོ་ཐོག་སྐབས་ སིག་ནཱལ་ལུ་ དུམ་གྲ་རེ་ དཀའ་ངལ་ཐོན་རུང་ ད་རེས་ ལེགས་ཤོམ་ཡོད་ཟེར་ཨིནམ་ད་ རྒྱུན་ལམ་གྱི་ དཀའ་ངལ་ཐོནམ་ཅིག་ ས་ཁོངས་ནང་ སོང་ཞིནམ་ལས་ ལེགས་བཅོས་འབད་དོ་ཡོདཔ་བཞིན་དུ་ ས་ཁོངས་ནང་ ལྷོད་མ་ཚུགས་པ་ཅིན་ འགྲུལ་འཕྲིན་ཐོག་ ཐབས་ལམ་བཏོན་དོ་ཟེར་ཨིན་པས།

ཁོ་གིས་ འབད་བ་ཅིན་ དཀའ་ངལ་ཚུ་ ལྟ་རྟོག་འབད་ནི་དང་ ཞབས་ཏོག་ཚུ་ སྤྲོད་ནིའི་དོན་ལུ་ འཕྲལ་འཕྲལ་ར་ ཁོ་གི་ ལས་བྱེདཔ་༢ རྒེད་འོག་ནང་ འགྱོ་དོ་ཟེར་ཨིནམ་ད་ རྒྱུན་ལམ་གྱི་ དཀའ་ངལ་ཐོན་མི་ཚུ་ཡང་ ལེགས་ཤོམ་སྦེ་ ལག་ལེན་མ་འཐབ་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།

ཌི་ཊི་ཨེཆ་ཊི་བི་ལུ་ ཅཱ་ནཱལ་ཟེར་ བརྒྱུད་ལམ་༡༠༠ ལྷགཔ་ཅིག་ཡོད་རུང་ མི་མང་ཤོས་ཅིག་གིས་ ནང་འཁོད་ཀྱི་ བརྒྱུད་ལམ་རྐྱངམ་གཅིག་ གདམ་ཁ་རྐྱབ་མས་ཟེར་ཨིནམ་ད་ ཊི་བི་བརྒྱུད་ལམ་དེ་ རྩེ་བཟང་གིས་མ་དོ་བར་ ཁྱི་སྦིས་ས་དང་ དཀར་ནག་རྒེད་འོག་ཚུ་ནང་ཡང་ མཐུད་སྦྲེལ་འབད་ཡོདཔ་ད་ ད་ལྟོ་ ཡོངས་བསྡོམས་ ཁྱིམ་གུང་པ་༨༠༠ ལྷགཔ་ཅིག་གིས་ མཐུད་སྦྲེལ་འབད་ཡོདཔ་ཨིན་པས།

ཨྱོན་ཚེ་རིང་གིས་ ཚོང་འབྲེལ་དེ་ འདས་པའི་ལོ་ནང་ འབྲུག་བརྡ་དོན་དང་ བརྡ་བརྒྱུད་དབང་འཛིན་གྱིས་ གྲོང་གསེབ་ས་ཁོངས་ཚུ་ནང་ ཀུ་བེནཌ་ཌིཤ་བཀྲམ་སྤེལ་དང་ གཞི་བཙུགས་འབད་ནི་དེ་ ཁྲིམས་མཐུན་བཟོ་བའི་ཤུལ་ལུ་ འགོ་བཙུགས་ཡོདཔ་ཨིན་པས།

དབང་འཛིན་གྱིས་ ན་ཧིང་ སྤྱི་ཟླ་༣ པའི་ནང་ གྲོང་གསེབ་ཚུ་ནང་ སྡོད་མི་ཚུ་གིས་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ རྒྱང་མཐོང་གྱི་ ཞབས་ཏོག་ཚུ་ སྤྱོད་ཚུགས་ནིའི་དོན་ལུ་ ཀུ་བེནཌ་ཌིཤ་བཀྲམ་སྤེལ་དང་ གཞི་བཙུགས་འབད་ནིའི་ སྤྲོ་བ་ཡོད་མི་ཚུ་གིས་ ཞུ་ཡིག་བཙུགས་དགོ་པའི་ གསལ་བསྒྲགས་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *