སློབ་གྲྭའི་ཉེ་འདབས་ལུ་ གནས་སྐབས་སྦ་སྒོར་ རྐྱབ་སྡོད་མི་ སློབ་ཕྲུག་ཨ་ལོ་ཚུ།

དར་དཀར་ནང་ལུ་ སློབ་ཕྲུག་༡༧༥ གིས་ ནང་སྡོད་མཐུན་རྐྱེན་ མ་ཐོབ་པར་ཡོདཔ།

༉ སློབ་ཕྲུག་མང་ཤོས་ཅིག་གིས་ སློབ་གྲྭ་ལྟེ་བ་ཚུ་ནང་ ནང་སྡོད་མཐུན་རྐྱེན་ཚུ་ སྤྱོད་དོ་ཡོདཔ་ཨིན་རུང་ ལ་ལོ་ཅིག་ ནང་སྡོད་མཐུན་རྐྱེན་ཚུ་ ཐོབ་མ་ཚུགས་པར་ དཀའ་སྡུག་མྱོང་དོ་ཡོདཔ་ཨིན་པས།
དེ་བཟུམ་མའི་ དཀའ་ངལ་བྱུང་མིའི་གྲས་ལས་ གཅིག་ དར་དཀར་ནང་རྫོང་ཁག་དེ་ཨིནམ་ད་ དེ་ཁར་ ཕམ་ཚུ་གིས་ སློབ་གྲྭའི་ཉེ་འདབས་ལུ་ ཁོང་རའི་ ཨ་ལོ་ཚུ་གི་དོན་ལུ་ གནས་སྐབས་ཀྱི་ སྦ་སྒོར་རྐྱབ་སྟེ་ཡོདཔ་ད་ དེ་ཡང་ སློབ་ཕྲུག་མང་ཤོས་ཅིག་ར་ སློབ་གྲྭ་ནང་ དུས་ཡུན་ཆུ་ཚོད་༢ དེ་ཅིག་ ལམ་འགྱོ་དགོ་མི་ལུ་བརྟེན་ཨིན་པས།
དར་དཀར་ནང་གི་ སློབ་གྲྭ་༤ ནང་ ནང་སྡོད་ཀྱི་ མཐུན་རྐྱེན་མ་ཐོབ་མི་ སློབ་ཕྲུག་༡༧༥ དེ་ཅིག་ཡོད་མི་ལས་ ཁེ་སྦིས་ས་རྒེད་འོག་ ཕེ་ཀོ་མ་སློབ་གྲྭ་ཆུང་བའི་ནང་ མཐུན་རྐྱེན་མ་ཐོབ་མི་ སློབ་ཕྲུག་༦༦ ཡོད་མིའི་གྲས་ལས་ བུམོ་༣༩ ཡོདཔ་ད་ གུམ་ལ་སློབ་གྲྭ་ཆུང་བའི་ནང་ སློབ་ཕྲུག་༤༩ ཡོད་མི་ལས་ བུམོ་༢༡ ཡོདཔ་བཞིན་དུ་ ཉིམ་ཏོ་ལ་སློབ་གྲྭ་ཆུང་བའི་ནང་ སློབ་ཕྲུག་༤༥ དང་ ཀ་ན་རྒེད་འོག་ ལུང་བསྟན་སྒང་སློབ་གྲྭ་ཆུང་བའི་ནང་ སློབ་ཕྲུག་༡༤ ཡོདཔ་ཨིན་པས།
ཕོ་ཀོ་མ་སློབ་གྲྭའི་ ནང་སྡོད་མཐུན་རྐྱེན་མ་ཐོབ་མི་ སློབ་ཕྲུག་ཚུ་གི་དོན་ལུ་ སློབ་ཁང་རྙིངམ་དེ་ ཉལ་ཁང་སྦེ་ ལག་ལེན་འཐབ་སྟེ་ཡོདཔ་ད་ དྲོ་པ་དང་ཉིན་མའི་ བཞེས་སྒོ་དེ་ འཛམ་གླིང་བཟའ་སྤྱོད་ལས་རིམ་ལས་ ཐོབ་དོ་ཡོད་རུང་ ཕྱི་རུའི་བཞེས་སྒོ་དེ་ ཕམ་ཚུ་གིས་ བྱིན་དོ་ཡོདཔ་ཨིན་པས།
སློབ་གྲྭ་དེ་གི་ སློབ་ཕྲུག་ཚུ་ཡང་ སྒྱིད་ས་ བ་གི་ཐང་དང་ སྒང་ཁ་ཚུ་ལས་ཨིནམ་ད་ ཁོང་ཆ་ཁྱབ་ ནང་སྡོད་ཀྱི་ མཐུན་རྐྱེན་མ་ཐོབ་མི་དེ་ཡང་ སློབ་གྲྭ་ནང་ དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་ ལམ་འགྱོ་མ་དགོ་མི་ ག་ཡང་མེདཔ་ཨིན་པས།
ཕམ་ཚུ་གིས་ སླབ་མིའི་ནང་ སློབ་ཕྲུག་ཚུ་ ཁྱིམ་ནང་ལས་ སློབ་གྲྭ་ནང་ འགྱོ་བའི་སྐབས་ དུས་ཡུན་ཆུ་ཚོད་ལྷགཔ་ཅིག་ འགོརཝ་མས་ཟེར་ཨིནམ་ད་ གནམ་བྱཱར་ལུ་ རོང་ཆུ་སྦོམ་ཐལ་མི་དང་ རི་དྭགས་སེམས་ཅན་ཚུ་ལུ་བརྟེན་ ཚེ་སྲོག་ལུ་ ཉེན་ཁ་ཡོདཔ་ལས་ སློབ་གྲྭའི་ས་ཁོངས་ཚུ་ནང་ གནས་སྐབས་ཀྱི་ སྦ་སྒོར་རྐྱབ་ནིའི་ ཞུ་བ་འབད་ཡི་ཟེར་ཨིན་པས།
ཕམ་ཅིག་ཨིན་མི་ ཀུན་བཟང་ལུ་ གུམ་ལ་སློབ་གྲྭའི་ནང་ དཔེ་ཆ་ལྟ་མི་ ཨ་ལོ་ཡོདཔ་ད་ སློབ་གྲྭ་ཆུང་བའི་ནང་ མ་ལྷོད་ཚུན་ ཁྱིམ་ནང་ལས་ འགྱོ་དགོ་ཟེར་ཨིནམ་ད་ དེ་བསྒང་ འཁོར་ལམ་མེདཔ་ལས་ ཨ་ལོ་ཚུ་དང་གཅིག་ཁར་ དུས་རྒྱུན་དུ་ ཕམ་ཅིག་ཡང་ སློབ་གྲྭའི་ནང་ འགྱོ་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སློབ་ཕྲུག་ལ་ལོ་ཅིག་ལུ་ གཞི་རྟེན་མཐུན་རྐྱེན་ཚུ་ སྤྲོད་ཡོད་རུང་ ས་གནས་མཐའ་ཟུར་ལུ་ སྡོད་མི་ཚུ་ ད་ལྟོ་ཡང་ དཀའ་སྡུག་མྱོང་དོ་ཡོདཔ་ལས་ གཞུང་གི་ཁ་ཐུག་ལས་ འདྲ་མཉམ་མིན་འདུག་ཟེར་ཨིནམ་ད་ ཤེས་ཡོན་གྱི་དོན་ལུ་ སློབ་ཕྲུག་ག་ར་ལུ་ མཐུན་རྐྱེན་འདྲ་མཉམ་ཐོབ་དགོཔ་ལས་ མཐའ་ཟུར་གྱི་ མི་སྡེ་ཚུ་ནང་ཡང་ དེ་བཟུམ་མའི་ མཐུན་རྐྱེན་ཚུ་ ཐོབ་དགོ་ཟེར་ཨིན་པས།
ལུང་བསྟན་སྒང་སློབ་གྲྭའི་ནང་ སློབ་ཕྲུག་༡༤ གི་ གནས་སྐབས་ཀྱི་ སྦ་སྒོར་རྐྱབ་ནིའི་དོན་ལུ་ སློབ་གྲྭ་གིས་ ལྕགས་ཤོག་དང་ གློག་མེའི་ཐགཔ་ཚུ་ བྱིན་ཡོདཔ་མ་ཚད་ འཛམ་གླིང་བཟའ་སྤྱོད་ལས་རིམ་ལས་ དྲོ་པ་དང་ ཉིན་མའི་བཞེས་སྒོ་ཚུ་ཡང་ ཐོབ་དོ་ཡོད་རུང་ ཕྱི་རུའི་བཞེས་སྒོ་དེ་ སློབ་ཕྲུག་ཁོང་ར་གིས་ འབད་བཟའ་དོ་ཡོདཔ་ལས་ བདུན་ཕྲག་༢ རེའི་བར་ན་ ཕམ་ཚུ་གིས་ རྒྱགས་སྐལ་ཚར་རེ་ བསྐྱལ་བར་འོང་དོ་ཡོདཔ་ཨིན་པས།
ཉིམ་ཏོ་ལ་སློབ་གྲྭ་ནང་ ཧེ་མའི་ འདེམས་ཁོངས་གོང་འཕེལ་མ་དངུལ་གྱིས་རྐྱབ་མི་ ཉལ་ཁང་ཆུང་ཀུ་ཅིག་ཡོད་མི་དེ་ མཐུན་རྐྱེན་མ་ཐོབ་མི་ སློབ་ཕྲུག་༤༥ བཞག་དོ་ཡོདཔ་ད་ ཕྱི་རུའི་བཞེས་སྒོ་དོན་ལུ་ ཕམ་ཚུ་གིས་ རྒྱགས་སྐལ་ཚུ་ སྐྱེལ་དོ་ཡོདཔ་མ་ཚད་ ཚོད་བསྲེ་དང་ སྒོང་རྡོག་ཉོ་ནིའི་དོན་ལུ་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་༥༠༠ རེ་ བྱིན་དོ་ཡོདཔ་ཨིན་པས།
སོ་ནམ་པ་ ཁར་ཀ་བྷ་དུར་གྱི་ ཨ་ལོ་༢ ཕོ་ཀོ་མ་སློབ་གྲྭ་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ད་ སློབ་གྲྭའི་ས་ཁོངས་ནང་ གནས་སྐབས་ཀྱི་ སྦ་སྒོར་མ་རྐྱབ་པའི་ཧེ་མར་ བུམོ་སྦོམ་ཤོས་དེ་ སློབ་གྲྭ་ནང་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ ལམ་འགྱོ་དགོ་ཟེར་ཨིནམ་ད་ དུས་ཅི་ ཁོ་གིས་ ཀེ་ཇི་༥༠ འབད་མི་ ཆུམ་ཕད་ཙེ་༡ དང་ ཨ་ལོ་རེ་ལུ་ དངུལ་ཀྲམ་༢,༦༠༥ རེ་ སྤྲོད་ཡོདཔ་བཞིན་དུ་ བདུན་ཕྲག་༡ ནང་ སློབ་ཕྲུག་ཚུ་ལུ་ སྒོང་རྡོག་ཚར་༣ རེ་ བྱིན་དོ་ཡོདཔ་ཨིན་པས།
དར་དཀར་ནང་གི་ སློབ་ཕྲུག་གི་ ཕམ་ཚུ་གིས་ སླབ་མིའི་ནང་ མཐུན་རྐྱེན་ག་ར་ གནང་མ་ཚུགས་རུང་ གཞུང་གིས་ ནང་སྡོད་ཀྱི་ མཐུན་རྐྱེན་མ་ཐོབ་མི་ སློབ་ཕྲུག་ཚུ་ལུ་ བཞེས་སྒོ་སྟོང་པར་སྦེ་ བྱིན་དགོཔ་འདུག་ཟེར་ཨིནམ་ད་ ད་ལྟོའི་ཐད་ཁར་ ཕྱི་རུའི་བཞེས་སྒོ་ཅིག་གནང་རུང་ མ་བཏུབ་མིན་འདུག་ཟེར་ཨིན་པས།
དར་དཀར་ནང་ཤེས་རིག་སྡེ་ཚན་གྱིས་ ནང་སྡོད་ཀྱི་ མཐུན་རྐྱེན་མ་ཐོབ་མི་ སློབ་ཕྲུག་ཚུ་གི་ གནས་སྡུད་ཚུ་ བསྡུ་ལེན་འབད་ཡོདཔ་ད་ རྫོང་ཁག་ཤེས་རིག་ གཙོ་འཛིན་འགོ་དཔོན་འོགམ་ པདྨ་ཆོས་གྲུབ་ཀྱིས་ སླབ་མིའི་ནང་ མ་འོངས་པར་ སློབ་ཕྲུག་དེ་ཚུ་ སློབ་གྲྭ་ལྟེ་བ་ཚུ་ནང་ གཏང་འོང་ཟེར་ཨིནམ་ད་ ཨིན་རུང་ དཀའ་ངལ་དེ་ སེལ་ནི་ལུ་ སློབ་ཕྲུག་དང་ཕམ་ཚུ་གིས་ ལོ་དག་པ་ཅིག་ བསྒུག་དགོཔ་འོང་ཟེར་ཨིན་པས།
དར་དཀར་ནང་རྫོང་ཁག་རྐྱངམ་གཅིག་ནང་ར་ སློབ་གྲྭ་ལྟེ་བ་༤ ཡོད་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *