རུལ་སྲུང་མཐུན་རྐྱེན་མེད་མི་ལུ་བརྟེན་ སོ་ནམ་པ་ཚུ་གིས་ སྒོགཔ་ཆག་པ་བསྡམས་ཏེ་ ནོར་ཁྱིམ་དང་ སྟེང་སྒོ་ཚུ་གུ་ དཔྱངས་བཞག་དོ་ཡོདཔ་ཨིན་པས།

དར་དཀར་ནང་ལུ་ སྒོགཔ་ཐོན་སྐྱེད་འབད་མི་ཚུ་ལུ་ སྒོགཔ་བཙོང་མ་ཚུགས་པའི་གདོང་ལེན།

༉ རྒྱ་གར་ལས་ སྒོགཔ་ནང་འདྲེན་མཚམས་འཇོག་འབད་བའི་ཤུལ་ལས་ རྒྱལ་ཁབ་ནང་ སྒོགཔ་མ་ལང་པའི་ དཀའ་ངལ་ཐོན་མི་དེ་ བསལ་ཐབས་ལུ་ ན་ཧིང་ སྤྱི་ཟླ་༩ པའི་ནང་ སོ་ནམ་ལྷན་ཁག་གིས་ རྫོང་ཁག་ཚུ་ནང་ སྒོགཔ་དང་ བླམ་བན་ད་ཚུ་ འཛུགས་སྐྱོང་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།

སོ་ནམ་དང་འབྲེལ་བའི་ དཔལ་འབྱོར་གློ་བུར་འཆར་གཞིའི་ཐོག་ལས་ རྒྱལ་ཁབ་ནང་ ཚོད་བསྲེའི་ཐོན་སྐྱེད་ཡར་སེང་དང་ རང་ལྡང་བཟོ་ཐབས་ཀྱི་ དམིགས་གཏད་དང་གཅིག་ཁར་ སྒོགཔ་གི་ཐོན་སྐྱེད་ གོང་འཕེལ་གཏང་ནིའི་དོན་ལས་ སོ་ནམ་པ་ཚུ་ལུ་ སོན་དང་ཐབས་རིག་ལ་སོགས་པའི་ རྒྱབ་སྐྱོར་ཚུ་ བྱིན་ཡོདཔ་ཨིན་པས།

དར་དཀར་ནང་རྫོང་ཁག་རྐྱངམ་གཅིག་ནང་ སྒོགཔ་མེ་ཊིག་ཊཱན་༡༤༦ དེ་ཅིག་ ཐོན་སྐྱེད་འབད་ནི་ལུ་དམིགས་ཏེ་ རྒེད་འོག་༡༢ ཀྱི་ སོ་ནམ་པ་༢༠༠ ལྷགཔ་ཅིག་གིས་ སྒོགཔ་འཛུགས་སྐྱོང་འབད་ཡོདཔ་ཨིན་པས།

སོ་ནམ་པ་ཚུ་གིས་ སྤྱི་ཟླ་༩ པ་ལས་འགོ་བཙུགས་ ཟླཝ་༨ དེ་ཅིག་གི་རིང་ བསྒུགས་པའི་ཤུལ་ལུ་ ད་རེས་ སྒོགཔ་བརྐོ་བའི་བསྒང་ཡོད་རུང་ ཚོང་འབྲེལ་འཐབ་སའི་ ཚོང་ཁྲོམ་ཚུལ་ལྡན་ཅིག་ མེད་པའི་ཁར་ ནང་འདྲེན་འབད་མི་ སྒོགཔ་ཚུ་ལས་ གོང་ཚད་ཀྱི་ དོ་འགྲན་བྱུང་ནི་དེ་གིས་ ད་རེས་ སྒོགཔ་ཐོན་སྐྱེད་འབད་མི་ཚུ་ལུ་ སྒོགཔ་བཙོང་མ་ཚུགས་པའི་ གདོང་ལེན་བྱུང་སྟེ་ཡོདཔ་ཨིན་པས།

ཁྲོམ་ཁར་སྒོགཔ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༣༥ དང་༤༠ དེ་རེ་ སླབ་དོ་ཡོདཔ་བཞིན་དུ་ སོ་ནམ་པ་ཚུ་གིས་ཡང་ གོང་ཚད་འདྲན་འདྲ་སྦེ་ བཙོངམ་ཨིན་རུང་ མི་ཚུ་གིས་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་སྒོགཔ་ལས་ ནང་འདྲེན་འབད་མི་ སྒོགཔ་དེ་ར་ གདམ་ཁ་རྐྱབ་མས་ཟེར་ཨིན་པས།

བཙན་མདའ་སྒང་འོགམ་ལས་ སོ་ནམ་པ་ དཱན་བྷ་དུར་སེང་དཱལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྒོགཔ་ཀེ་ཇི་༢,༢༠༠ དེ་ཅིག་ བསྡུ་བསྒྱོམ་འབད་མི་ལས་ ཀེ་ཇི་༥ ལས་བརྒལ་ བཙོང་མ་ཚུགས་ཟེར་ཨིནམ་ད་ ཁྲོམ་ཁར་ནང་འདྲེན་འབད་མི་ སྒོགཔ་ལེ་ཤ་ཡོདཔ་ལས་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་སྒོགཔ་ཚུ་ མཁོ་མངགས་འབད་མི་མིན་འདུག་ཟེར་ བཤདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ན་ཧིང་ རྒྱལ་ཁབ་ནང་ སྒོགཔ་མ་ལང་པའི་ དཀའ་ངལ་ཐོན་པའི་སྐབས་ སྒོགཔ་ཐོན་སྐྱེད་འབད་ནི་ལུ་ གཙོ་རིམ་བཟུང་སྟེ་ སོན་དང་ འཕྲུལ་རིག་གི་ རྒྱབ་སྐྱོར་བྱིན་ཡོད་རུང་ ད་རེས་ ཁོང་ལུ་ ཚོང་འབྲེལ་འཐབ་སའི་ ས་ཁོངས་དང་ ཡང་ཅིན་ གོང་ཚད་ཀྱི་ ཁས་ལེན་ཅིག་ཡང་ མིན་འདུག་ཟེར་ཨིན་པས།

དཱན་བྷ་དུར་སེང་དཱལ་གྱིས་ དངུལ་ཀྲམ་༥༠,༠༠༠ དེ་ཅིག་ ཟད་འགྲོ་བཏང་ཐོག་ ས་ཆ་ཨེ་ཀར་༢ དེ་ཅིག་ནང་ སྒོགཔ་འཛུགས་སྐྱོང་འབད་ཡོདཔ་བཞིན་དུ་ ད་རེས་ ཁོང་གི་སྒོགཔ་ཚུ་ གདམ་ཁ་རྐྱབ་མི་དེ་ཅིག་མེདཔ་ལས་ ཟད་འགྲོ་བཏང་མི་ ཏི་རུ་དེ་ར་ ལོག་ཐོབ་མ་ཚུགས་པའི་ ཚ་གྱང་ཡོད་ཟེར་ བཤདཔ་ཨིན་པས།

སྒོགཔ་འཛུགས་སྐྱོང་འབད་མི་གཅིག་ སཱན་ཇ་མ་ཡ་ག་ལེ་ཨིནམ་ད་ མོ་གིས་ བདུན་མཐའི་ཚོད་བསྲེ་ཁྲོམ་ཁར་ སྒོགཔ་ཀེ་ཇི་༥༠ དེ་ཅིག་ འབག་སོང་མི་ལས་ ཀེ་ཇི་༥ རྐྱངམ་གཅིག་ བཙོང་ཚུགས་ཡོདཔ་ཨིན་པས།

མོ་གིས་ སླབ་མིའི་ནང་ འཕྲལ་ཁམས་ཅིག་ཁར་ སྒོགཔ་ཀེ་ཇི་༢,༥༠༠ བསྡུ་བསྒྱོམ་འབད་ཡོདཔ་བཞིན་དུ་ འབྲེལ་ཡོད་ལས་ཚབ་ཚུ་གིས་ བར་འཛུལ་མ་འབད་བ་ཅིན་ གྱོང་རྒུད་སྦོམ་ ཕོག་ནི་མས་ཟེར་ཨིནམ་ད་ ཁྱིམ་གུང་པ་༤༧ དེ་ཅིག་གིས་ སྒོགཔ་འཛུགས་སྐྱོང་འབད་ཡོདཔ་བཞིན་དུ་ རྒེད་འོག་ནང་ སྒོགཔ་མེ་ཊིག་ཊཱན་༤༥ དེ་ཅིག་ ཐོན་སྐྱེད་འབད་ཡོདཔ་ཨིན་པས།

ག་ཅི་འབད་དགོཔ་ཨིན་ན?

ཚོང་ཁྲོམ་གཏན་འཁེལ་བཟོ་ཐབས་ལུ་ སོ་ནམ་པ་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ནང་འདྲེན་གྱི་ སྒྲིག་གཞི་དེ་ ལག་ལེན་འཐབ་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།

སོ་ནམ་པ་ བིམ་བྷ་དུར་མོག་ཏཱན་གྱིས་ ཁོང་ལས་ དུས་རྒྱུན་དུ་ ཚོད་བསྲེ་ཉོ་མི་ཚུ་གིས་ཡང་ སྒོགཔ་ཚུ་ ལེན་མི་བཏུབ་པས་ཟེར་ བཤད་མི་དེ་ཡང་ ནང་འདྲེན་འབད་མི་ སྒོགཔ་ལེ་ཤ་ཡོདཔ་ལས་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་ བཙོང་མ་ཚུགས་པར་ ལུས་ནི་དེ་གིས་ཨིནམ་བཞིན་དུ་ དེ་ལུ་ ལྟ་རྟོག་འབད་དགོཔ་འདུག་ཟེར་ཨིན་པས།

རྒེད་འོག་སོ་ནམ་རྒྱ་སྐྱེད་འགོ་དཔོན་ བི་ཀཱཤ་ཏ་མང་གིས་ སླབ་མིའི་ནང་ ཉེར་མཁོའི་ཅ་ཆས་ག་ཅི་ཡང་ ནང་འཁོད་ལས་ ཐོན་སྐྱེད་འབད་བཏུབ་ཨིན་རུང་ ད་རེས་ སོ་ནམ་པ་ཚུ་ གདོང་ལེན་ངོ་མ་ར་ ཚོང་ཁྲོམ་མེད་མི་ལས་ བྱུང་སྟེ་འདུག་ཟེར་ཨིནམ་ད་ མེ་ཏོག་ཀོ་པི་དང་ ས་སྒ་ སྒོགཔ་དང་ཡོང་ཀ་ཚུ་ ཉོ་མི་མེདཔ་ལས་ མེ་ཏོག་ཀོ་པི་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༥ རེ་སྦེ་ བཙོང་དགོཔ་ཐོན་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ བར་འཛུལ་འབད་ཐོག་ གྲོང་གསེབ་གནས་རིམ་ནང་ རྒྱབ་སྐྱོར་དང་ ཞབས་ཏོག་གི་ དཀའ་ངལ་ཚུ་ བསལ་ཚུགས་པའི་ སྒྲིག་གཞི་དང་ སོ་ནམ་གྱི་ སྲིད་བྱུས་ཚུ་ བསྒྱུར་བཅོས་མ་འབད་བ་ཅིན་ ནང་འཁོད་ཐོན་སྐྱེད་འབད་མི་ཚུ་ལུ་ གདོང་ལེན་བྱུང་སྟེ་ར་ སྡོད་འོང་ཟེར་ཨིན་པས།

སྒོགཔ་འཛུགས་སྐྱོང་འབད་མི་ཚུ་ སྒོགཔ་ཐོན་སྐྱེད་མ་འབད་མི་ རྫོང་ཁག་ཚུ་དང་གཅིག་ཁར་ སྦྲེལ་མཐུད་འབད་ཚུགས་པ་ཅིན་ དཀའ་ངལ་དེ་ བསལ་ཚུགས་པའི་ འོས་འབབ་མཐོངམ་མས་ཟེར་ རྒེད་འོག་སོ་ནམ་རྒྱ་སྐྱེད་འགོ་དཔོན་གྱིས་ བཤདཔ་ཨིན་པས། 

སོ་ནམ་པ་ལ་ལོ་ཅིག་གིས་ སླབ་མིའི་ནང་ སྒོགཔ་ཚུ་ བདུན་ཕྲག་༡ དང་༢ དེ་ཅིག་ནང་ སྐམ་དོ་ཡོདཔ་ལས་ གནས་སྐབས་ཅིག་གི་ ཐབས་ལམ་བཟུམ་ཅིག་སྦེ་ སྒོགཔ་རུལ་ནི་ལས་ བཀག་ཐབས་ལུ་ སྒོགཔ་སྐམ་འཕྲུལ་གྱི་ གྲོགས་རམ་མ་ཐོབ་མི་ཚུ་གིས་ སྒོགཔ་ཆག་པ་སྦེ་ བསྡམས་ཐོག་ལས་ ནོར་གྱི་ཁྱིམ་དང་ སྟེང་སྒོ་ཚུ་ནང་ དཔྱངས་བཞག་དོ་ཡོདཔ་ཨིན་པས།

སོ་ནམ་པ་ཚུ་གིས་ སླབ་མིའི་ནང་ སྒོགཔ་ཚུ་ ལེགས་ཤོམ་སྦེ་ རུལ་སྲུང་འབད་མི་ཚུགས་དོ་ཡོདཔ་ལས་ ལྕུག་གུ་ཚུ་ སྐྱེས་དོ་ཡོད་མི་དེ་གིས་ཡང་ ཚོང་འབྲེལ་ལུ་ གནོདཔ་མས་ཟེར་ཨིནམ་ད་ རྒྱ་ཆེ་དྲགས་དང་ ཡུན་རིང་གི་དོན་ལུ་ འཛུགས་སྐྱོང་འབད་མི་ཚུ་རྐྱངམ་གཅིག་ལུ་ རུལ་སྲུང་ཅ་ཆས་ཀྱི་ གྲོགས་རམ་ཚུ་ བྱིན་ཡོདཔ་ལས་ བཙན་བདའ་སྒང་ལས་ སོ་ནམ་པ་༩ དང་ བཀྲིས་སྡིངས་ལས་ སོ་ནམ་པ་༤ གིས་ གྲོགས་རམ་ཐོབ་ཡོདཔ་ཨིན་པས།

བཀྲིས་སྡིངས་རྒེད་འོག་སོ་ནམ་རྒྱ་སྐྱེད་འགོ་དཔོན་ པེ་རེམ་དཱན་ལིམ་བུ་གིས་ སླབ་མིའི་ནང་ གཞུང་གིས་ ལོག་ཉོ་ནིའི་ སྲིད་བྱུས་དེ་ ལག་ལེན་འཐབ་པ་ཅིན་ དཀའ་ངལ་བསལ་ནི་ལུ་ ཕན་ཐོགས་འོང་ཟེར་ཨིན་པས།

སོ་ནམ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཚོང་ཁྲོམ་གདོང་ལེན་གྱི་ཐད་ཁར་ ཟླཝ་༢ དེ་ཅིག་གི་ཧེ་མ་ལས་ ཐོན་སྐྱེད་དམིགས་གཏད་བསྐྱེད་མི་དང་ འཛུགས་སྐྱོང་འབད་མི་ཚུ་གི་ ཁ་གསལ་ཚུ་ སོ་ནམ་ལྷན་ཁག་ལུ་ བསྐྱལ་ཡོདཔ་མ་ཚད་ དར་དཀར་ནང་ལས་ སྒོགཔ་ཀེ་ཇི་༨༠ དེ་ཅིག་ ལྷག་འཐོན་འོང་ཟེར་ཨིན་པས།

རྫོང་ཁག་སོ་ནམ་འགོ་དཔོན་འོགམ་ ཀུན་ལེགས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ལྷན་ཁག་གིས་ གནད་དོན་དེ་ བསལ་ནིའི་དོན་ལུ་ ཐབས་ལམ་ཚུ་ བལྟ་དོ་ཟེར་ཨིནམ་ད་ རྫོང་ནང་འཁོད་ལུ་ གོང་འཕེལ་བཏང་ཐོག་ ཁོང་གིས་ཡང་ སྒོགཔ་ག་དེམ་ཅིག་ སྤྱོད་ཚུགསཔ་ཅིག་ སྤྱོད་ནི་ཨིནམ་མ་ཚད་ སློབ་གྲྭ་ཚུ་ནང་ཡང་ བཀྲམ་སྤེལ་འབད་ནི་ཟེར་ཨིན་པས།

བཙན་བདའ་སྒང་གི་ སོ་ནམ་པ་ཚུ་གིས་ དར་དཀར་དཔལ་ལ་སློབ་གྲྭ་ལྟེ་བ་དང་ སྒང་ཟུར་སློབ་གྲྭ་ཆུང་བ་༢ ནང་ སྒོགཔ་བཀྲམ་སྤེལ་འབདཝ་རུང་ བདུན་ཕྲག་༡ ནང་ སྒོགཔ་ཀེ་ཇི་༡༠ དེ་ཅིག་ལས་ ལེན་མི་བཏུབ་པས་ཟེར་ སོ་ནམ་པ་ཚུ་གིས་ བཤདཔ་ཨིན་པས།

སོ་ནམ་པ་ཚུ་གིས་ སྒོགཔ་ཚུ་ སྦུང་ཚོང་གི་ གོང་ཚད་ནང་ བཙོང་ནི་ལུ་ བློ་འདོད་མིན་འདུག་ཟེར་ ཀུན་ལེགས་རྣམ་རྒྱལ་གྱིས་ བཤད་པའི་ཁར་ སྦུང་ཚོང་པ་ཚུ་གིས་ སྒོགཔ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༠ རེ་སྦེ་ ཉོ་མི་ཡོད་རུང་ སོ་ནམ་པ་ཚུ་གིས་ བཙོང་མི་བཏུབ་པས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *