ཨམ་ཀརྨ་གིས་ མོ་ར་ མིག་ཏོ་མ་མཐོང་རུང་ ཚོགས་རྒྱན་བཙུགས་པར་ འོང་པའི་བསྒང་།

དར་དཀར་ནང་ལུ་ རྒེད་འོག་༥ གིས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་གདམ་འཐུ་འབད་ཡོདཔ།

སྤྱི་ཟླ་༣ པའི་ཚེས་༦ ལུ་ དར་དཀར་ནང་རྫོང་ཁག་ གེ་སར་གླིང་རྒེད་འོག་ལྟེ་བའི་ནང་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ མི་སེར་ཚུ་གིས་ འབྲུག་རྒྱང་བསྒྲགས་ལ་འཛིན་གྱི་ བརྡ་བརྒྱུདཔ་བགྲེསཔ་ སུར་ཇ་མཱན་ཐ་པ་དེ་ རྒེད་འོག་དེ་གི་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ གདམ་འཐུ་འབད་ཡི།

དེ་ཡང་ སུར་ཇ་མཱན་ཐ་པ་གིས་ གེ་སར་གླིང་ལུ་ ཚོགས་རྒྱན་བཙུགས་པར་འོང་མི་༢༤༩ ལས་ དགོ་ཟེར་བའི་ ཚོགས་རྒྱན་༢༢༠ དང་ མི་དགོ་ཟེར་བའི་ ཚོགས་རྒྱན་༢༩ ཡོདཔ་ད་ རྒེད་འོག་ནང་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༡,༣༥༡ ཡོདཔ་ཨིན་པས།

སུར་ཇ་མཱན་ཐ་པ་གིས་ རྒྱ་གར་དར་ཇི་གླིང་ལས་ བརྡ་བརྒྱུད་ཀྱི་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་པའི་ཤུལ་ལུ་ ལོ་ངོ་༩ གི་རིང་ འབྲུག་རྒྱང་བསྒྲགས་ལས་འཛིན་ནང་ གནས་ཚུལ་བསྡུ་ལེན་པ་སྦེ་ ལཱ་འབད་ཡོདཔ་བཞིན་དུ་ ཁོ་གིས་ རྒྱལ་ཡོངས་ཚོགས་སྡེའི་མི་ངོམ་སྦེ་ འཐོན་ནིའི་དོན་ལུ་ ཟླ་ངོ་༦ གི་ཧེ་མར་ དགོངས་ཞུ་འབད་ནུག།

སུར་ཇ་མཱན་ཐ་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མི་སེར་ཚུ་གིས་ ཁོ་ལུ་ བློ་གཏད་དེ་ ཚོགས་རྒྱན་བཙུགས་མི་དེ་ལུ་ སེམས་དགའ་ཡོདཔ་མ་ཚད་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་སྐབས་ལུ་ཡང་ དེ་བཟུམ་སྦེ་ར་ རྒྱབ་སྐྱོར་འཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།

འཛོམས་འདུའི་ནང་ དབང་པོ་ལུ་ཐོ་ཕོག་མི་༢ ཀྱིས་ཡང་ བཅའ་མར་གཏོགས་པར་ འོང་ཡོདཔ་ད་ ལོ་༡༣ གྱི་ཧེ་མར་ མིག་ཏོ་ལུ་ཐོ་ཕོག་མི་ ཀརྨ་དེ་ གེ་སར་གླིང་ལུ་ གཞིས་གསར་ནང་འོང་སྟེ་ ལོ་ངོ་༡༨ དེ་ཅིག་ ལང་ཡོདཔ་ཨིན་པས།

སྐྱེས་ལོ་༦༣ ལང་མི་ ཀརྨ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འབྲུག་མི་ཨིན་པའི་འགན་ཁུར་དེ་ དམངས་གཙོའི་རིང་ལུགས་ནང་ བཅའ་མར་གཏོགས་དེ་ཨིནམ་ལས་ མོ་གིས་ དུས་ནམ་ར་འབད་རུང་ བཅའ་མར་ག་དེ་དྲག་དྲག་ གཏོགས་དོ་ཟེར་ཨིན་པས།

ད་ལྟོ་ མོ་ལུ་རྒྱབ་སྐྱོར་འབད་མི་ མོ་རའི་རྨགཔ་དང་ ཁྱིམ་ཚང་ཚུ་ཡོད་ནི་དེ་གིས་ ཁོང་གིས་ ཕར་ཚར་འགྱོཝ་ད་ ལགཔ་བཤེད་དེ་ འགྱོ་དོ་ཟེར་ཨིན་པས།

ཨིན་རུང་ བཙག་འཐུ་ངོ་མའི་སྐབས་ རྫོང་ཁག་བཙག་འཐུ་འགོ་དཔོན་གྱིས་ མོ་རའི་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ མོ་སྡོད་སར་ འོང་ནི་ཟེར་ སླབ་ཡོད་མི་ལུ་བརྟེན་ སྟབས་བདེ་ཏོག་ཏོ་ འབྱུང་ནི་མས་ཟེར་ཨིན་པས།

རྫོང་ཁག་བཙག་འཐུ་འགོ་དཔོན་ རིག་འཛིན་ལྷུན་གྲུབ་ཀྱིས་ བཤད་མི་དང་འཁྲིལཝ་ད་ དེ་བཟུམ་མའི་ ཞབས་ཏོག་དེ་ མི་སེར་དབང་པོ་ལུ་ ཐོ་ཕོག་མི་ཚུ་གི་དོན་ལུ་ཨིནམ་ལས་ བཙག་འཐུའི་ཉིནམ་དེ་ལུ་ སྡེ་ཚན་གཅིག་གིས་ ཞབས་ཏོག་བྱིན་འོང་ཟེར་ཨིན་པས།

ལྷ་མོའི་རྫིང་ཁ་ལུ་ ཀུན་གསལ་གྱི་ ལས་བྱེདཔ་བགྲེསཔ་ སྐྱེས་ལོ་༣༨ ལང་མི་ སུ་རཱཇ་པར་དཱན་གྱིས་ ཁོ་གི་ དོ་འགྲན་པ་གཞན་༣ དང་ཕྱདཔ་ད་ ཚོགས་རྒྱན་༣༠༨ ཐོབ་སྟེ་ གདམ་འཐུ་གྲུབ་ཡོདཔ་ད་ དོ་འགྲན་པ་ ཀི་རིཤ་ན་ བྷ་དུར་ཏ་མང་གིས་ ཚོགས་རྒྱན་༩༩ དང་ ཟླ་བ་ནོར་བུ་གིས་ ཚོགས་རྒྱན་༩༡ པར་ཀཱཤི་ཤར་མ་གིས་ ཚོགས་རྒྱན་༨༥ ལས་བརྒལ་ ཐོབ་མ་ཚུགས་པས།

ལྷ་མོའི་རྫིང་ཁ་རྒེད་འོག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༢,༠༥༣ ཡོད་མི་ལས་༥༨༣ གདམ་ངོའི་འཛོམས་འདུ་ནང་འོང་ནུག།

འབྲུག་རྗེས་སྒང་རྒེད་འོག་ལས་ ཟླ་བ་དང་ ཀུན་བཟང་རྒྱལ་མཚན་ཟེར་ མི་ངོམ་༢ ཐོན་ཡོད་རུང་ སྤྱི་ཟླ་༣ པའི་ཚེས་༦ ལུ་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་མ་འཐབ་པའི་ཧེ་མར་ དགོ་མཁོ་ཅན་གྱི་ ཡིག་ཆ་ཚུ་ བརྟག་ཞིབ་འབད་བའི་སྐབས་ ཟླ་བ་གིས་ ཚོགས་རྒྱན་གྱི་ ངོ་སྦྱོར་འདྲ་པར་ འབག་སྟེ་མེདཔ་ལས་ གདམ་ངོའི་གདམ་འཐུ་ནང་ བཅའ་མར་གཏོགས་ནི་ལས་ ཆ་མེད་བཏང་ཡི།

མི་སེར་ཚུ་གིས་ ཀུན་བཟང་རྒྱལ་མཚན་ལུ་ དགོ་དང་མི་དགོ་གི་ ཚོགས་རྒྱན་བཙུགས་པའི་སྐབས་ དགོ་ཟེར་བའི་ ཚོགས་རྒྱན་༣༥༡ དང་ མི་དགོ་གི་ ཚོགས་རྒྱན་༡༢༠ ཐོབ་སྟེ་ རྒེད་འོག་ལས་ གདམ་འཐུ་གྲུབ་ཅི།

འབྲུག་རྗེས་སྒང་རྒེད་འོག་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༢,༣༣༧ ཡོད་རུང་ གདམ་ངོའི་འཛོམས་འདུ་ནང་ མི་༤༧༡ རྐྱངམ་གཅིག་འཛོམས་ནུག།

ལ་རྒྱབ་རྒེད་འོག་གིས་ མི་ངོམ་ཕུད་རྡོག་གཅིག་ལས་མ་ཐོན་མི་ སཱན་མཱན་གུ་རུང་ལུ་ དགོ་གི་ཚོགས་རྒྱན་༡༥༢ དང་ མི་དགོ་གི་ ཚོགས་རྒྱན་༢༣ ཐོབ་སྟེ་ གདམ་འཐུ་གྲུབ་ཡོདཔ་ཨིན་པས།

དེ་གི་ཧེ་མར་ རྡོ་རོ་ནང་རྒེད་འོག་གི་ འཛོམས་འདུའི་ནང་ མི་སེར་ཚུ་གིས་ སྐྱེས་ལོ་༣༢ ལང་མི་ དབང་འདུས་དེ་ གདམ་འཐུ་འབད་ཡོདཔ་ད་ ཁོ་གིས་ ཚོགས་རྒྱན་༡༣༧ ཐོབ་ཡོདཔ་བཞིན་དུ་ ཁོ་གི་དོ་འགྲན་པ་ སུག་མཱན་ མོང་གར་གྱིས་ ཚོགས་རྒྱན་༡༢༨ ཐོབ་ཅི།

དབང་འདུས་ཀྱིས་ སྤྱི་ལོ་༢༠༡༠ ལུ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ གློག་རིག་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལུ་ གློག་རིག་གི་ སློབ་དཔོན་སྦེ་ ལཱ་འབད་ཡོདཔ་ད་ ཁོ་གིས་ སྤྱི་ལོ་༢༠༡༦ ལུ་ ས་གནས་གཞུང་གི་ བཙག་འཐུའི་སྐབས་ རྒཔོ་གི་འདེམས་ངོ་སྦེ་ དོ་འགྲན་འབད་ཡོད་པའི་གནས་ཚུལ།

དར་དཀར་ནང་ལས་ ཡེ་ཤེས་སྒྲོལ་མ།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *