བསྟན་འཛིན་བསམ་གྲུབ།

དར་དཀར་ནང་ལས་ སློབ་དཔོན་བགྲེསཔ་ཅིག་གིས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཐོན་ཡོདཔ།

༉ དར་དཀར་ནང་ རྩེ་ཟ་རྒེད་འོག་ལས་ སློབ་དཔོན་བགྲེསཔ་ བསྟན་འཛིན་བསམ་གྲུབ་ཀྱིས་ མི་སྡེ་ནང་ རྒན་ཤོས་ཚུ་གི་ སྟབས་མ་བདེཝ་ཚུ་ སེལ་ཐབས་ལུ་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ ཐོ་བཀོད་འབད་ཡོདཔ་ཨིན་པས།
སྐྱེས་ལོ་༣༩ ལང་མི་ འདེམས་ངོ་དེ་གིས་ ལོ་ངོ་༡༢ དེ་ཅིག་རིང་ རྒྱལ་ཁབ་ཀྱི་ སློབ་གྲྭ་ཚུ་ནང་ སློབ་དཔོན་སྦེ་ ཕྱག་ཞུ་ཡོདཔ་ད་ ཁོ་གིས་ འདེམས་ངོ་སྦེ་ མ་ཐོན་པའི་ཧེ་མར་ སྤུ་ན་ཁ་ བདེ་ཆེན་རྩེ་མོ་སློབ་གྲྭ་ལྟེ་བ་ལས་ དགོངས་ཞུ་འབད་ནུག།
བསྟན་འཛིན་བསམ་གྲུབ་ཀྱིས་ སྤྱི་ལོ་༢༠༠༥ ལུ་ སྤ་རོ་མཐོ་རིམ་སློབ་གྲྭ་ལས་ ཨིང་སྐད་ཆོས་ཚན་ནང་ སློབ་དཔོན་སློབ་སྦྱོང་ མཐར་འཁྱོལ་ཡོདཔ་ད་ ཁོ་གིས་ སློབ་གྲྭ་ནང་སྡོད་པའི་སྐབས་ ཨིང་སྐད་ཕན་ནུས་རྩ་གཞུང་གི་ ངོ་ཚབ་འབད་བའི་ཁར་ མི་སྡེ་དང་འབྲེལ་བའི་ ལཱ་ཚུ་ཡང་ འབད་ཡོདཔ་ཨིན་པས།
ཁོ་ར་ ད་རེས་ རྒྱལ་ཡོངས་ཚོགས་སྡེ་ནང་ འདེམས་ངོ་སྦེ་ ཐོན་མི་དེ་ཡང་ ཁོ་རའི་སྤྲོ་བ་དང་ ཆ་རོགས་ དེ་ལས་ མི་སེར་ཚུ་གིས་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ བཅའ་མར་གཏོགས་ནི་ལུ་ གྲོས་ཐག་བཅད་ཅི་ཟེར་ བསྟན་འཛིན་བསམ་གྲུབ་ཀྱིས་ སླབ་ཨིན་པས།
ཁོ་ལུ་ ལོ་༡༢ ཀྱི་ ཉམས་མྱོང་ཡོད་མི་ལུ་བརྟེན་ རྒྱལ་ཡོངས་ཁྲིམས་བཟོ་དང་ སྲིད་བྱུས་བསྐྱར་ཞིབ་ཀྱི་ བྱ་སྒོ་ཚུ་ནང་ ཕྱག་ཞུ་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ནི་ཨིནམ་ད་ རྒྱལ་ཁབ་དང་ མི་སེར་ལུ་ རེ་འདུན་ཐོག་ལས་ ཕྱག་ཞུ་ནི་ཟེར་ཨིན་པས།
སློབ་དཔོན་བགྲེསཔ་ཁོ་ར་ འདེམས་ངོ་སྦེ་ བཅའ་མར་གཏོགས་མི་དེ་ཡང་ འབྲུག་གི་རྩ་ཁྲིམས་ཆེན་མོ་དེ་ལུ་ གཞི་འཛིན་འབད་ནིའི་དོན་ལུ་ཨིནམ་མ་ཚད་ མི་སེར་ཚུ་གིས་ ལྕོགས་གྲུབ་ཅན་ཚུ་ གདམ་འཐུ་འབད་ནིའི་ གོ་སྐབས་བྱིན་ཐབས་ལུ་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དར་དཀར་ནང་རྫོང་ཁག་དེ་ གོང་འཕེལ་སྐྱོ་དྲགས་འགྱོ་མི་ རྫོང་ཁག་ཅིག་འབདཝ་ལས་ རྫོང་ཁག་དེ་ནང་ ལྟ་བཤལ་འདྲ་མཉམ་ཡོད་མེད་དང་ མཐའ་འཁོར་གནས་སྟངས་ མི་སྡེ་ཕན་བདེ་ལ་སོགས་པའི་ དཀའ་ངལ་ཚུ་ སེལ་ཐབས་འབད་ནི་ལུ་ སྲིད་བྱུས་ཚུ་བཟོ་དགོཔ་ ངེས་བདེན་འདུག་ཟེར་ཨིན་པས།
དེ་མ་ཚད་ ད་རེས་ནངས་པར་ དུས་ཀྱི་འཕོ་འགྱུར་དང་བསྟུན་ མི་སྡེ་ནང་ རྒན་ཤོས་ཚུ་ལུ་ སྟབས་མ་བདེཝ་ཚུ་ བྱུང་དོ་ཡོདཔ་ལས་ ཁོ་ལུ་ ཐོབ་དབང་འཐོབ་ནིའི་ ལམ་ལུགས་དང་ སྲིད་བྱུས་བརྩམ་ནི་ལུ་ གཙོ་རིམ་བཟུང་དགོཔ་འདུག་ཟེར་ ཨ་ལོ་༢ ཀྱི་ ཨ་པ་ བསྟན་འཛིན་བསམ་གྲུབ་ཀྱིས་ སླབ་ཨིན་པས།
གལ་སྲིད་ བསྟན་འཛིན་བསམ་གྲུབ་ཀྱིས་ བཙག་འཐུ་འགྲུབ་པ་ཅིན་ གནད་དོན་ཚུ་ ཚོགས་ཁང་ནང་ གསུང་གྲོས་མ་གནང་པའི་ཧེ་མར་ མི་སྡེའི་རྒན་ཤོས་དང་ ས་གནས་གཞུང་དང་གཅིག་ཁར་ བསྟུན་གྲོས་འབད་ནི་ཨིན་ཟེར་ཨིནམ་ད་ མ་གཞི་ ཚོགས་ཁང་ནང་ འཐུས་མི་ཚུ་གིས་ ཁྲིམས་བསྐྱར་ཞིབ་འབད་དོ་ཡོད་རུང་ ལྷག་པར་དུ་ བསྐྱར་ཞིབ་འབད་ནིའི་ ས་གོ་ལེ་ཤ་ཡོདཔ་ལས་ དེ་ལུ་ གཙོ་རིམ་བཟུང་ནི་ཨིན་ཟེར་ཨིན་པས།
མ་གཞི་ ཁོ་རའི་རྒེད་འོག་ལས་ དང་འདོད་ཅན་གྱི་ འདེམས་ངོ་༣ ཐོན་ཡོད་རུང་ ཁོ་ར་ བཅའ་མར་གཏོགས་པའི་ཤུལ་ལས་ འདེམས་ངོ་གཞན་ཚུ་ ཁོ་ལུ་ གོ་སྐབས་བྱིན་ནི་ལུ་ དགོངས་ཞུ་འབད་ནུག་ཟེར་ཨིནམ་ད་ བསྟན་འཛིན་བསམ་གྲུབ་ཀྱིས་ རྫོང་ཁག་ནང་ གོམས་འདྲིས་ལྟ་སྐོར་ ཧ་ལམ་འབད་ཚར་ཏེ་ ཡོདཔ་ཨིན་པས།
ད་ཚུན་ དར་དཀར་ནང་རྫོང་ཁག་ནང་ དང་འདོད་ཅན་གྱི་འདེམས་ངོ་༢༢ ཐོ་བཀོད་འབད་མི་ལས་ འདེམས་ངོ་༢ ཀྱི་ཡིག་ཆ་ སྟབས་མ་བདེཝ་ཐོན་མི་དང་ འདེམས་ངོ་༣ གྱིས་ རྫོང་ཁག་ནང་ འདེམས་ངོ་ལེ་ཤ་ ཐོན་མི་ལུ་བརྟེན་ དགོངས་ཞུ་འབད་ཡོདཔ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *