བཙན་མདའ་སྒང་རྒེད་འོག་ ས་དམར་ཆུ་སྤྱི་འོག་ལས་ ཨེ་མ་གསརཔ་ཀེ་ཇི་༢༡༥ མཁོ་སྤྲོད་འབད་ནུག།

དར་དཀར་ནང་དང་ རྩི་རང་གིས་ ཚོད་བསྲེ་བཀྲམ་འབད་དོ་ཡོདཔ།

༉ རྒྱལ་ཡོངས་ལུ་ འགྲོ་འགྲུལ་བཀག་དམ་འབད་ཡོད་རུང་ དར་དཀར་ནང་ལུ་ སོ་ནམ་འགོ་དཔོན་དང་ ཚོང་འབྲེལ་གྱི་དོན་ལུ་ ཚོད་བསྲེ་འཛུགས་སྐྱོང་པ་ཚུ་ འདུ་འཛི་ཅན་སྦེ་ སྡོད་མི་དེ་ཡང་ ཁོང་གིས་ རྒེད་འོག་ཚུ་ནང་ལས་ ཚོད་བསྲེ་ཚུ་ བསྡུ་ལེན་འབད་དེ་ རྫོང་ཁག་གཞན་ཚུ་ནང་ བཀྲམ་སྤེལ་འབདཝ་ཨིན་པས།

རྒྱལ་ས་ཐིམ་ཕུག་ལུ་ ཚོད་བསྲེ་མ་ལང་པའི་ དཀའ་ངལ་སེལ་ནིའི་ ལྷན་ཐབས་ལུ་ ཁ་ཙ་ དར་དཀར་ནང་སོ་ནམ་སྡེ་ཚན་གྱིས་ ཚོད་བསྲེའི་རིགས་མེ་ཊིག་ཊཱན་༢ དེ་ཅིག་ བཀྲམ་སྤེལ་འབད་ཡོདཔ་ཨིན་པས།

སོ་ནམ་སྡེ་ཚན་གྱིས་ མེ་ཏོག་ཀོ་པི་ཀེ་ཇི་༧༩༠ དང་ བྱི་ཙི་ཨེ་མ་གསརཔ་ཀེ་ཇི་༢༡༥ སྒོགཔ་ཆག་པ་ཀེ་ཇི་༢༡ བླམ་བན་ད་ཀེ་ཇི་༢༠ དེ་ཅིག་ བཀྲམ་སྤེལ་འབད་མི་ཚུ་ བཙན་མདའ་སྒང་དང་ དཀར་ནག་ ལ་རྒྱབ་ འཁྱིལ་པའི་ས་ གཙང་ཁ་རྒེད་འོག་༥ ལས་ བསྡུ་ལེན་འབད་ཡོདཔ་ཨིན་པས།

སྤྱི་ཟླ་༡༢ པའི་ཚེས་༢༤ ལུ་ སོ་ནམ་ལས་ཁུངས་ཀྱི་  བཀོད་རྒྱ་ཐོབ་པའི་ཤུལ་ལས་ ཚོད་བསྲེ་འཛུགས་སྐྱོང་པ་ཚུ་ ངོས་འཛིན་འབད་དེ་ འགོ་དཔོན་ཚུ་ རྒེད་འོག་ཚུ་ནང་ བཏང་ཡོདཔ་ཨིན་པས།

འགྲོ་འགྲུལ་བཀག་དམ་ལུ་བརྟེན་ རྒེད་འོག་རེ་ལས་ ཚོད་བསྲེ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་རེ་རྐྱངམ་གཅིག་ འགྲོ་འགྲུལ་འབད་ཆོག་དོ་ཡོདཔ་ད་ དེ་ཡང་ དེད་གཡོགཔ་ཚུ་ ནད་ཡམས་ཀོ་བིཌ་-༡༩ འི་བརྟག་དཔྱད་འབད་ཞིནམ་ལས་ བདུན་ཕྲག་རེ་ནང་ཚར་རེ་ལས་བརྒལ་ འགྱོ་མི་ཆོག་པས།

སོ་ནམ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དར་དཀར་ནང་གི་ རྒེད་འོག་གཞན་ སྒོ་ཤིང་དང་ བཀྲིས་སྡིངས་ འབྲུག་རྗེས་སྒང་ཚུ་ནང་ལས་ཡང་ ཚོད་བསྲེ་མཁོ་སྤྲོད་འབད་ནི་གི་ འོས་འབབ་སྦོམ་འདུག་ཟེར་ཨིནམ་ད་ བཙན་མདའ་སྒང་རྒེད་འོག་ནང་ ས་ཆ་ཨེ་ཀར་༣༢ ནང་ འཛུགས་སྐྱོང་འབད་མི་ ཨེ་མ་ཚུ་ སྤྱི་ཟླ་༡ པའི་ནང་ བཏོག་རནམ་ཨིན་པས།

དར་དཀར་ནང་ལུ་ འགྲོ་འགྲུལ་བཀག་དམ་སྐབས་ ཚོད་བསྲེ་བསྡུ་ལེན་ཐོག་ བཀྲམ་སྤེལ་འབད་མི་ ས་གནས་ཀྱི་མི་༡༧ ངོས་འཛིན་འབད་དེ་ཡོདཔ་ཨིན་པས།

དེ་ལས་ ཁ་ཙ་ རྩི་རང་སྒོ་ནོར་སྡེ་ཚན་གྱིས་ སྒོང་རྡོག་ཤོག་སྒྲོམ་༣༨༤ དང་ དར་ཚིལ་སྒོང་༢,༥༠༠ མར་ཀེ་ཇི་༥༠ ཐིམ་ཕུག་ལུ་ འབྲུག་སྒོ་ནོར་གོང་འཕེལ་ལས་འཛིན་ལུ་ བཀྲམ་སྤེལ་འབད་ཡོདཔ་ཨིན་པས།

ད་རིས་ སྤུ་ན་ཁ་ལུ་ སྒོང་རྡོག་ཤོག་སྒྲོམ་༢༠༠ བཀྲམ་སྤེལ་འབད་ནི་ཨིནམ་ད་ རྩི་རང་གིས་ བདུན་ཕྲག་ཅིག་ནང་ སྒོང་རྡོག་ཤོག་སྒྲོམ་༩༠༠ དེ་རེ་ ཐོན་སྐྱེད་འབདཝ་ཨིན་པས།

ད་རུང་ ཁ་ཙ་ རྫོང་ཁག་སོ་ནམ་སྡེ་ཚན་གྱིས་ སྒོ་གསར་གླིང་དང་ བར་གཤོང་ མནྡལ་སྒང་རྒེད་འོག་༣ ལས་ ཚོད་བསྲེའི་རིགས་ སྣུམ་འཁོར་བོ་ལེ་རོ་༣ བཏང་ཡོདཔ་ད་ ད་རིས་ རང་ཐང་གླིང་རྒེད་འོག་ལས་ སྣུམ་འཁོར་ཌི་སི་ཨེམ་ཊཱག་༢ དང་ བོ་ལེ་རོ་པིག་ཨབ་ཊཱག་༡ གི་ ཚོད་བསྲེ་ཚུ་ ཐིམ་ཕུག་ལུ་ བཀྲམ་སྤེལ་འབད་ནི་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *