དར་དཀར་ནང་གིས་ སོ་ནམ་དུས་སྟོན་ ལོ་བསྟར་བཞིན་དུ་ བརྩི་སྲུང་འབད་ནི།

༉ དར་དཀར་ནང་རྫོང་ཁག་ནང་ མི་སྡེ་དཔལ་འབྱོར་གོང་འཕེལ་དང་ མི་སེར་གྱི་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ཐབས་ལུ་དམིགས་ཏེ་ དུས་ཅི་ སོ་ནམ་དུས་སྟོན་འགོ་འདྲེན་འཐབ་མི་དེ་ ད་ལས་ཕར་ ལོ་བསྟར་གྱི་ ལས་སྣ་ཅིག་ལུ་ འགྱུར་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་༨ པའི་ཚེས་༢༦ ལུ་ རྫོང་ཁག་ཚོགས་འདུ་གིས་ ཆ་འཇོག་གྲུབ་ཡོདཔ་ད་ དར་དཀར་དཔལ་ལ་ལུ་ སྤྱི་ཟླ་༡༡ པའི་ནང་ དུས་སྟོན་བརྩི་སྲུང་འབད་ནི་ཨིན་པས།
འབྲུག་གི་མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་ སྤྱི་ལོ་༢༠༡༧ ཅན་མའི་ སྙན་ཞུའི་ནང་ རྫོང་ཁག་༢༠ གི་གྲས་ལས་ དབུལ་ཕོངས་ཀྱི་ དཀའ་ངལ་རྒྱ་ཆེཝ་སྦེ་ཡོད་མི་དེ་ དར་དཀར་ནང་རྫོང་ཁག་ཨིན་ཟེར་བཀོད་ནུག།
རྫོང་ཁག་གི་ དཔལ་འབྱོར་གོང་འཕེལ་འགོ་དཔོན་ ཚེ་རིང་དངོས་གྲུབ་ཀྱིས་ སླབ་མིའི་ནང་ ཞིབ་འཚོལ་འབད་མིའི་ སྙན་ཞུ་ནང་ རྫོང་ཁག་ནང་ བརྒྱ་ཆ་༣༣.༣ དབུལ་ཕོངས་ཀྱི་ དཀའ་ངལ་ཡོད་པའི་ཁར་ གོང་འཕེལ་འགྱོ་མ་ཚུགས་པའི་ རྫོང་ཁག་སྐྱོ་ཤོས་ཅིག་ཨིན་མི་དེ་ སོ་ནམ་དུས་སྟོན་ལུ་བརྟེན་ ལོ་བསྟར་བཞིན་དུ་ བརྒྱ་ཆ་༡༠ དེ་ཅིག་ དཀའ་ངལ་སེལ་ནི་ལུ་ ལྷན་ཐབས་འབད་འོང་ཟེར་ཨིན་པས།
དུས་སྟོན་གྱི་སྐབས་ ཐོན་སྐྱེད་ཚུ་ བཙོང་མི་གིས་ ལོ་བསྟར་འོང་འབབ་ ཐེབས་བཟོ་ནི་ལུ་ དམིགས་གཏད་བསྐྱེད་དོ་ཟེར་ དཔལ་འབྱོར་འགོ་དཔོན་གྱིས་ བཤད་ཡོདཔ་ད་ མ་གཞི་ སོ་ནམ་པ་ཚུ་གིས་ ཚོད་བསྲེ་ཚུ་ ལོ་རེ་འཆར་མེད་པར་བཙོང་རུང་ དུས་སྟོན་གྱི་སྐབས་ འོང་འབབ་བཟོ་ཚུགས་དོ་བཟུམ་ཅིག་མེད་པའི་ཁར་ སྤྲོ་བ་དང་ དང་འདོད་ཡོད་མི་ སོ་ནམ་པ་ཚུ་གིས་ སྤུས་ཚད་ཅན་གྱི་ ཐོན་སྐྱེད་ཚུ་ དོ་འགྲན་འབད་ཐོག་ལས་ བཙོང་ཚུགས་ཟེར་ཨིན་པས།
དེ་གིས་ ལཱ་གཡོག་གི་གོ་སྐབས་ བཟོ་ཚུགས་པའི་ཁར་ རིག་རྩལ་དང་ ལྕོགས་གྲུབ་བཏོན་ཐོག་ལས་ གཞན་ཡང་ གསར་བཙུགས་འབད་ནིའི་ གོ་སྐབས་བྱིན་དོ་ཟེར་ཨིན་པས།
རྫོང་བདག་ཕུན་ཚོགས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ འདི་བཟུམ་མའི་ དུས་སྟོན་ལས་རིམ་ གཞི་བཙུགས་འབད་ནི་ལུ་ ཁས་ལེན་འབད་ནི་མེན་པར་ ག་ཅི་འབད་ནི་ཨིན་ན་ ཐབས་ཤེས་སྣ་ཚོགས་དགོཔ་འདུག་ཟེར་ཨིནམ་ད་ ལས་རིམ་གྱིས་ མི་སེར་ལུ་ ཕན་ཐོགས་ཡོད་རུང་ གདོང་ལེན་ཡང་ སྣ་ཚོགས་ཡོད་ཟེར་ཨིན་པས།
མོ་གིས་ སླབ་མི་དང་འཁྲིལཝ་ད་ བདག་སྐྱོང་གིས་ གོ་བརྡ་སྤྲོད་ནི་དང་ ལམ་སྟོན་འབད་ནིའི་འགན་ཁུར་དང་ མི་སེར་ཚུ་གིས་ཡང་ འགན་ཁུར་འདྲ་མཉམ་སྦེ་ འབག་ཞིནམ་ལས་ ལཱ་འབད་དགོཔ་འདུག་ཟེར་ཨིནམ་ད་ ལས་རིམ་དེ་གི་དོན་ལུ་ ད་ལྟོ་ལས་ར་ བཅའ་སྒྲིག་རྐྱབ་དགོཔ་གལ་ཆེ་ཟེར་ཨིན་པས།
ཚེ་རིང་དངོས་གྲུབ་དང་འཁྲིལ་བ་ཅིན་ སྒོ་ནོར་ཐོན་སྐྱེད་ མར་དང་ དར་ཚིལ་ ཨོམ་ སྒོང་རྡོག་ཚུ་ འབྲུག་པའི་བཞེས་སྒོ་དང་ ལམ་སྲོལ་ དེ་ལས་ ལག་བཟོ་གི་ཐོན་སྐྱེད་ཚུ་ཡང་ སྟོན་ཚུགས་པ་ཅིག་ རང་བཞིན་གྱིས་ ཉམས་སྲུང་འབད་ནི་དང་ གོང་འཕེལ་གཏང་ནི་ལུ་ ཁེ་ཕན་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ དུས་སྟོན་གྱི་སྐབས་ རང་བཞིན་གྱི་ སྨན་རིགས་དང་ སྔོ་ཤིང་ ནགས་ཚལ་ལུ་བརྟེན་པའི་ ཐོན་སྐྱེད་ཚུ་ཡང་ འགྲེམས་སྟོན་འབད་ནིའི་ གོ་སྐབས་ཡོདཔ་ལས་ དེ་གིས་ རྒྱལ་ཡོངས་ཀྱི་ བཞེས་སྒོ་ཚུ་ ཉེན་སྲུང་འབད་ཚུགས་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ ཧི་མེནཌ་གུ་རུང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ལྟོ་ཚུན་ རྫོང་ཁག་དེ་ སྤྱང་ཀ་ཅིག་སྦེ་ ལུས་མི་དེ་ཡང་ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་ནི་མེད་མི་ལུ་བརྟེན་ཨིནམ་ལས་ ད་ལས་ཕར་ ལས་རིམ་དེ་ལུ་ རྒྱབ་སྐྱོར་འབད་ཞིནམ་ལས་ མི་སེར་ཚུ་ ཡར་འཐུ་ནི་དང་ གོང་འཕེལ་གཏང་འོང་ཟེར་ཨིན་པས།
ལས་རིམ་ཚུ་ འགོ་འདྲེན་འཐབ་ཡོད་རུང་ གདོང་ལེན་སྦོམ་ཤོས་ར་ མི་སེར་ཚུ་ འོང་བཅུག་ཐབས་ལུ་ ཐུགས་སྤྲོའི་ལས་རིམ་སྣ་ཚོགས་དང་ རྩེད་རིགས་ཚུ་ འགོ་འདྲེན་འཐབ་ནི་ཨིན་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
རྫོང་ཁག་ཚོགས་འདུ་གིས་ དུས་སྟོན་བརྩི་སྲུང་གི་དོན་ལུ་ ཆ་འཇོག་གྲུབ་མི་དེ་ མི་སེར་ཚུ་དང་ གྲོས་བསྟུན་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་ཕུན་ཚོགས།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *