སོ་ནམ་པ་ཚུ་གིས་ཉོ་མི་ འཕྲུལ་གླང་པ་ཝར་ཊི་ལར་ཚུ།

དར་དཀར་ནང་གི་ སོ་ནམ་པ་ཚུ་ལུ་ འཕྲུལ་གླང་པ་ཝར་ཊི་ལར་གྱི་ གྲོགས་རམ།

༉ དར་དཀར་ནང་ བཙན་མདའ་སྒང་ལས་ཨིན་མི་ སོ་ནམ་པ་ ཤ་བྷ་དུར་གོ་ལེ་གིས་ ཁོ་ར་ ལས་མི་མ་འཐོབ་པའི་དཀའ་ངལ་བྱུང་མི་ལུ་བརྟེན་ སོ་ནམ་གྱི་ལཱ་འབད་ནི་དེ་ ལཱ་ཁག་ཅན་གྱི་ གནས་སྟངས་ནང་ལྷོད་ཡོདཔ་ལས་ ས་བརྐོ་འཕྲུལ་གླང་པ་ཝར་ཊི་ལར་ཅིག་དགོ་པའི་ མནོ་བསམ་བཏང་ཡོདཔ་ཨིན་པས།

ཁོ་གིས་ ན་ཧིང་ པ་ཝར་ཊི་ལར་ཅིག་ ཉོ་ཡོད་མི་དེ་ཡང་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་འོག་གི་ མ་དངུལ་ཆུང་བའི་གྲོགས་རམ་ འབྲུག་གྲོང་གསེབ་གོང་འཕེལ་ལས་འགུལ་གྱིས་ གྲོགས་རམ་འབད་དེ་ ཉོ་ཡོདཔ་ཨིན་པས།

ཁོ་གིས་ དངུལ་ཀྲམ་༦༨,༠༠༠ གནས་པའི་ པ་ཝར་ཊི་ལར་ཆུང་བ་ཅིག་ ཉོ་ཡོདཔ་ལས་ ཟླཝ་རིམ་བཞིན་དུ་ སྐྱེད་དངུལ་ཀྲམ་༩༠༠ རེ་བཏབ་དོ་ཡོདཔ་ད་ ཁོ་གིས་ ས་ཆ་ཨེ་ཀར་༤ དེ་ཅིག་ནང་ ཚོད་བསྲེ་སྣ་ཚོགས་ བཙུགས་དོ་ཡོདཔ་ཨིན་པས།

རྒེད་འོག་དེ་ནང་སྡོད་མི་ མཱོམ་ལཱལ་གུ་རུང་གིས་ སླབ་མིའི་ནང་ པ་ཝར་ཊི་ལར་ལག་ལེན་འཐབ་པའི་ཤུལ་ལས་ སོ་ནམ་ཐོན་སྐྱེད་ཚུ་ ལེ་ཤ་གིས་ ཡར་སེང་སོང་ཡི་ཟེར་ཨིན་པས།

རྒེད་འོག་རྒྱ་སྐྱེད་འགོ་དཔོན་ བི་ཀཤ་ཏ་མང་གིས་ སླབ་མིའི་ནང་ རྫོང་ཁག་ནང་ ཚོང་འབྲེལ་དོན་ལུ་ ཚོད་བསྲེའི་ལཱ་འབད་མི་ཚུ་ལུ་ ལཱ་ཁག་བཏང་ཡོད་མི་ལུ་ སྐྱིན་འགྲུལ་དེ་གིས་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།

ཚོད་བསྲེའི་ལཱ་འབད་མི་ མགོནམ་ལྷམོ་གིས་ སླབ་མིའི་ནང་ པ་ཝར་ཊི་ལར་གླ་ཁར་ལེན་ནི་དེ་ ཟད་འགྲོ་སྦོམ་གནས་དོ་ཡོདཔ་ལས་ མོ་གིས་ཡང་ གཅིག་ཉོ་ནིའི་དོན་ལུ་ སྐྱིན་འགྲུལ་ཡི་གུ་བཙུགས་ཡོད་ཟེར་ཨིན་པས།

ལས་འགུལ་གྱི་མགྲིན་ཚབ་ ཚེ་རིང་དབང་མོ་གིས་ སླབ་མིའི་ནང་ ལས་སྡེ་གིས་ ན་ཧིང་ལོ་ནང་ ཚོང་འབྲེལ་སྐོར་ལས་ ཞིབ་འཚོལ་འབད་བའི་སྐབས་ སོ་ནམ་པ་ཚུ་གིས་ སོ་ནམ་གྱི་ཅ་ཆས་ཚུ་ ཉོ་ནིའི་དོན་ལུ་ ལཱ་ཁག་སྦེ་ ཟད་འགྲོ་མངམ་གཏང་སྟེ་ ཕུན་ཚོགས་གླིང་དང་ ཐིམ་ཕུག་ལུ་ སོང་ནུག་ཟེར་ཨིན་པས།

ལས་འགུལ་གྱིས་ ཀརྨ་ཚོང་ལས་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ ཁྲོམ་ཁར་ པ་ཝར་ཊི་ལར་གྱི་ གོང་ཚད་ངོ་མ་ལས་ བརྒྱ་ཆ་༡༥ ཕབ་སྟེ་ སོ་ནམ་པ་ཚུ་ལུ་ བཙོང་ཡོདཔ་ད་ འཕྲུལ་ཆས་མཁོ་འདོད་འབད་མི་༣ ལས་མངམ་ཡོད་པ་ཅིན་ སྐྱེལ་འདྲེན་ཡང་ རིན་མེད་སྦེ་ བསྐྱལ་བྱིན་ཡོདཔ་ཨིན་པས།

དངུལ་ཀྲམ་༡༠༠,༠༠༠ ལྷགཔ་ཅིག་གནས་མི་ པ་ཝར་ཊི་ལར་ཉོ་བ་ཅིན་ སོ་ནམ་པ་ཚུ་གིས་ གོང་ཚད་ལས་ བརྒྱ་ཆ་༢༠ སྤྲོད་དགོཔ་ཨིནམ་ད་ སྐྱིན་འགྲུལ་དེ་ལུ་ གཏའ་མ་ག་ནི་ཡང་ བཙུགས་མ་དགོཔ་ཨིན་རུང་ ཚེ་རིང་དབང་མོ་གིས་ སླབ་མིའི་ནང་ སོ་ནམ་པ་དང་གཅིག་ཁར་ སྐྱིན་འགྲུལ་བཏབ་མ་ཚར་ཚུན་ འཕྲུལ་ཆས་དེ་ ལས་སྡེ་གིས་ ལེན་བཞག་ནི་ཟེར་བའི་ གན་ཡིག་བཟོ་ནི་ཡོད་ཟེར་ཨིན་པས།

ལས་འགུལ་གྱིས་ ད་ལྟོ་ཚུན་ རྩི་རང་ལུ་ འཕྲུལ་གླང་ཆུང་བ་༡༥༠ དང་ དར་དཀར་ནང་ལུ་༡༤ བྱིན་ཏེ་ཡོདཔ་ད་ ལས་འགུལ་དེ་ ཇར་མ་ནི་ལུ་ཡོད་མི་ རྒྱལ་སྤྱི་མཉམ་འབྲེལ་གྱི་ དངུལ་ཁང་གསོག་འཇོག་གཞི་ཚོགས་ཀྱིས་ གྲོགས་རམ་འབད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *