སྤྱི་ཟླ་༨ པའི་ཚེས་༦ ལུ་ ནདཔ་༡༢༦ ལྷགཔ་ཅིག་ ནད་བརྟག་འབད་བར་ སྨན་ཁང་ནང་འོང་ནུག།

དར་དཀར་དཔལ་ལ་སྨན་ཁང་ནང་ དྲུང་འཚོ་མེདཔ་ལས་ གསོ་བའི་ཞབས་ཏོག་ལུ་ ཐོ་ཕོག་ཡོདཔ།

༉ དར་དཀར་ནང་གི་དོན་ལུ་ རྫོང་ཁག་སྨན་ཁང་ཨིན་མི་ དར་དཔལ་ལ་སྨན་ཁང་ནང་ དྲུང་འཚོ་མེད་པར་ ཟླཝ་༢ ཡར་སོཔ་ལས་ གསོ་བའི་ཞབས་ཏོག་ལུ་ ཐོ་ཕོག་ནི་དེ་གིས་ ས་གནས་ཀྱི་ མི་སེར་ཚུ་ དབུགས་འགམ་སྟེ་ཡོདཔ་ཨིན་པས།
སྨན་ཁང་དེ་ གཞི་རྟེན་སྨན་ཁང་༩ ལས་བཏང་མི་ ནདཔ་ཚུ་གི་ གཙོ་བསྟེན་སྨན་ཁང་ཅིག་ཨིནམ་ད་ ཌོག་ཊར་མེད་པའི་སྐོར་ལས་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ སྙན་ཞུ་འབད་ཡོད་རུང་ ད་ཚུན་གྱི་བར་ན་ མི་ག་གིས་ཡང་ གཞུང་འབྲེལ་ཐོག་ ཉོགས་བཤད་བཀོད་མི་ མ་ཐོན་པས།
ནདཔ་ཚེ་རིང་དངོས་གྲུབ་ཀྱིས་ སྨན་ཁང་ནང་ དྲུང་འཚོ་སྡོད་སའི་ ཁང་མིག་ལེ་ཤ་ཡོད་རུང་ གསོ་བའི་འགོ་དཔོན་ཕུད་རྡོ་གཅིག་ལས་བརྒལ་ མེད་མི་དེ་གིས་ ནདཔ་ག་ར་ བལྟ་དགོཔ་ལས་ གདོང་ལེན་སྦོམ་བྱུང་སྟེ་འདུག་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གསོ་བའི་ཞབས་ཏོག་ལེན་ནི་ལུ་ དུས་ཡུན་མངམ་ འགོར་དོ་ཡོདཔ་ལས་ ཨ་ལོ་དང་ རྒན་རྒས་ཚུ་ལུ་ དཀའ་ངལ་བྱུང་ནུག་ཟེར་ཨིནམ་ད་ གསོ་བའི་ཞབས་ཏོག་བྱིན་རུང་ དུས་ཚོད་ལེ་ཤ་འགོར་མི་ལུ་བརྟེན་ མི་ཚུ་གི་ དུས་རྒྱུན་གྱི་ལཱ་ལུ་ ཐོ་ཕོགཔ་ལས་ དབུགས་འགམ་བྱུངམ་མས་ཟེར་ཨིན་པས།
ཉལ་ཁྲི་༢༠ འབད་མི་ སྨན་ཁང་ནང་ གློག་པར་བཏབ་ས་དང་ སྨན་སྤྲོད་ས་ མིག་ཏོ་ཁང་ཚན་ ནང་པའི་སྨན་བཅོས་ཁང་ཚན་ བརྟག་དཔྱད་འཕྲུལ་ཆས་ ཨཱལ་ཊ་ས་འུན་ལ་སོགས་པའི་ ཞབས་ཏོགས་ཚུ་ བཙུགས་ཏེ་ཡོདཔ་ཨིན་པས།
སྨན་ཁང་དེ་ནང་ སྨན་གཡོགམ་༡༤ བརྩིས་ཏེ་ གསོ་བའི་ལས་བྱེདཔ་༣༩ ཡོདཔ་ད་ ས་གནས་ཀྱི་ མི་ཚུ་གིས་ སླབ་མིའི་ནང་ སྨན་ཁང་དེ་ནང་ལས་ གསོ་བའི་ལག་ཁྱེར་ཐོབ་ནི་མེདཔ་མ་ཚད་ དྲུང་འཚོ་རྐྱངམ་གཅིག་ལུ་ ལག་ཁྱེར་བྱིན་ནིའི་ དབང་ཚད་ཡོདཔ་ལས་ སྨན་ཁང་སོ་སོའི་ནང་ འགྱོ་དགོཔ་ཐོནམ་མས་ཟེར་ཨིན་པས།
རྫོང་ཁག་གསོ་བའི་འགོ་དཔོན་གོངམ་ རྡོ་རྗེ་དབང་ཕྱུག་གིས་འབད་བ་ཅིན་ རྫོང་ཁག་གིས་ སྨན་ཁང་གི་ གནས་སྟངས་སྐོར་ལས་ གསོ་བ་ལྷན་ཁག་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ དུས་ཅི་ སྤྱི་ཟླ་༤ པའི་ནང་ སྨན་ཁང་ནང་ དྲུང་འཚོ་༢ སྡོད་ཅི་ཟེར་ཨིན་པས།
ཨམ་སྲུ་དྲུང་འཚོ་དེ་ གཟུགས་ཁམས་འཕྲོད་བསྟེན་ལུ་བརྟེན་ སྤྱི་ཟླ་༥ པ་ མཇུག་བསྡུ་ཁམས་ལུ་ གནས་སོར་སོང་པའི་ཁར་ དྲུང་འཚོ་གཞན་དེ་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་ནང་ ཆེ་རིམ་གྱི་ ཤེས་ཡོན་སྦྱང་པར་ སོང་ཡི་ཟེར་ རྡོ་རྗེ་དབང་ཕྱུག་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་གཞི་ སྨན་ཁང་ནང་ དྲུང་འཚོ་༢ ཡོད་རུང་ གལ་ཅན་གྱི་ གནད་དོན་ལུ་བརྟེན་ སོང་ཡི་ཟེར་ཨིནམ་ད་ གསོ་བ་ལྷན་ཁག་གིས་ འཕྲལ་མགྱོགས་ར་ དྲུང་འཚོ་གཏང་ནི་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༨ ལས་ གནས་སྐབས་ཅིག་གི་དོན་ལུ་ འབྲུག་རྗེས་སྒང་སྨན་ཁང་གི་ གསོ་བའི་འགོ་དཔོན་ཅིག་ དར་དཀར་དཔལ་ལ་སྨན་ཁང་ནང་ བཏང་སྟེ་ཡོད་ཟེར་ཨིན་པས།
སྒོ་ཞིང་རྒཔོ་ རྟ་མགྲིན་གྱིས་ སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ མི་སེར་ཚུ་གིས་ ཉོགས་བཤད་བཀོད་མི་ལུ་བརྟེན་ སྤྱི་ཟླ་༨ པའི་ཚེས་༥ ལུ་འཚོགས་མི་ རྒེད་འོག་ཚོགས་སྡེ་ནང་ཡང་ གྲོས་བསྟུན་འབད་ཡི་ཟེར་ཨིན་པས།
དར་དཀར་དཔལ་ལ་སྨན་ཁང་གི་ ལས་བྱེདཔ་ཅིག་གིས་ སླབ་མིའི་ནང་ ཕྱིའི་ནདཔ་ཚུ་ བརྒྱ་ལས་བཅད་དེ་ཡོད་རུང་ གསོ་བའི་འགོ་དཔོན་གྱིས་ དྲུང་འཚོ་བཟུམ་སྦེ་ར་ གསོ་བའི་ཞབས་ཏོག་ཚུ་ ལེགས་ཤོམ་སྦེ་ བྱིནམ་མས་ཟེར་ཨིན་པས།
ད་རེས་ དར་དཀར་ནང་སྨན་ཁང་ སྡེ་རིམ་དང་པའི་ནང་ཡང་ དྲུང་འཚོ་མེད་པར་ ཟླཝ་༡ ལང་དོ་ཡོདཔ་ད་ དྲུང་འཚོ་དེ་ སྨན་བཅོས་ཀྱི་དོན་ལུ་ བདུན་ཕྲག་༡ དེ་ཅིག་ ངལ་གསོ་ནང་སོང་ཡོད་རུང་ ན་ཚའི་གནས་སྟངས་དང་འཁྲིལ་ཏེ་ ངལ་གསོ་ཡར་སེང་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *