དར་དཀར་དཔལ་ལ་དང་ དཱལ་བ་རིའི་གཞུང་ལམ་ སེལ་བའི་བསྒང་།

དར་དཀར་དཔལ་ལ་དང་ དཱལ་བ་རིའི་གཞུང་ལམ་ ཀི་ལོ་མི་ཊར་༤ འབད་མི་དེ་ འཕྲལ་མགྱོགས་ར་ རྩི་ནག་གཏང་ནི།

༉ གནམ་བྱཱར་གྱི་ ཆར་ཆུའི་དུས་ཚོད་མ་རནམ་ལས་ དར་དཀར་དཔལ་ལ་དང་ དཱལ་བ་རིའི་གཞུང་ལམ་ ཀི་ལོ་མི་ཊར་༤ འབད་མི་དེ་ མི་སེར་གྱི་ སྟབས་བདེ་ཧིང་དོན་ལུ་ རྩི་ནག་གཏང་ནི་ཨིན་ཟེར་ ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

ད་རེས་ ལྷ་མོའི་རྫིང་ཁ་ལས་ བཟོ་སྐྲུན་འབད་མི་ གཞུང་ལམ་ཀི་ལོ་མི་ཊར་༢༩ པོ་དེ་ རྩི་ནག་བཏང་ཚར་ཡོདཔ་ཨིན་པས།

དར་དཀར་དཔལ་ལ་ལས་ དཱལ་བ་རི་གཞུང་ལམ་ བཟོ་སྐྲུན་གྱི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་ལས་ སྤྱི་ལོ་༢༠༡༩ ཟླཝ་༡ པའི་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་ཨིན་པས།

ལས་འགུལ་འཛིན་སྐྱོང་པ་ པདྨ་འཕྲིན་ལས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ གཞུང་ལམ་བཟོ་སྐྲུན་གྱི་ལཱ་ཚུ་ དབྱེ་ཁག་༥ སྦེ་ བགོ་བཤའ་རྐྱབ་ཡོདཔ་ལས་ ལཱ་ཚུ་དུས་ཚོད་ཁར་ མཇུག་བསྡུ་ཚུགས་ནི་གི་ རེ་བ་ཡོད་ཟེར་ཨིན་པས།

མ་གཞི་ དར་དཀར་དཔལ་ལ་ལས་ བཟོ་སྐྲུན་འབད་མི་ འཁོར་ལམ་དང་ ལྷ་མོའི་རྫིང་ཁ་ལས་བཟོ་སྐྲུན་འབད་མི་ འཁོར་ལམ་གཉིས་ མཐུད་སྦྲེལ་འབད་ནིའི་དོན་ལུ་ ཀི་ལོ་མི་ཊར་༥ དེ་ཅིག་གུ་ ལྷོད་ཡོད་རུང་ བྱག་དང་ ལམ་གཟར་དྲགས་ཡོད་ནི་དེ་གིས་ དུས་ཚོད་འགོརཝ་མས་ཟེར་ཨིན་པས།

དར་དཀར་དཔལ་ལ་དང་ ལྷ་མོའི་རྫིང་ཁའི་ གཞུང་ལམ་གཉིས་མཐུད་སྦྲེལ་འབད་ནིའི་དོན་ལུ་ ལམ་རིང་ཚད་ཀི་ལོ་མི་ཊར་༥ དེ་ཅིག་མ་གཏོགས་ མེདཔ་ཨིན་པས།

བཙན་མདའ་སྒང་ལུ་སྡོད་མི་ ཀརྨ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དར་དཀར་དཔལ་ལ་ལས་ དར་དཀར་དཔལ་ལ་ཁྲོམ་ཚུན་ཚོད་ གནམ་བྱཱར་ཆར་ཆུ་འབབ་པའི་སྐབས་ལུ་ ལམ་འདམ་པ་ཡོད་མི་དེ་གིས་ སྣུམ་འཁོར་ཆུང་བ་དང་ མི་མང་སྐྱེལ་འདྲེན་བཱསི་ལུ་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།

བཙན་མདའ་སྒང་གི་ མི་སེར་ཚུ་ གནམ་བྱཱར་གྱི་སྐབས་ལུ་ འདམ་པ་སྦེ་ཡོད་མི་ ལམ་བདའ་སྟེ་ ལོ་ངོ་༤ དང་༥ དེ་ཅིག་ འགྲོ་འགྲུལ་འབད་ཡོདཔ་བཞིན་དུ་ མི་སེར་ལུ་ སྟབས་མ་བདེཝ་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།

གཞུང་གིས་ ལོ་༢ དེ་ཅིག་གི་རིང་ བཀག་ཆ་འབད་དེ་ མ་བཞག་པ་ཅིན་ ད་ལྟོ་ ལམ་བཟོ་སྐྲུན་འབད་བའི་ཁར་ རྩི་ནག་བཏང་ཚར་ཏེ་ མི་སེར་ཚུ་ལུ་ སྟབས་བདེ་ཏོག་ཏོ་ བྱུང་བྱུངམ་འོང་ཟེར་ཨིན་པས།

ལམ་བཟོ་སྐྲུན་སྐབས་ སྟབས་མ་བདེཝ་ཐོན་ཏེ་ གཞུང་གིས་ ལོ་༢ དེ་ཅིག་གི་རིང་ བཀག་ཆ་འབད་བའི་ཤུལ་ལུ་ སྤྱི་ལོ་༢༠༡༧ ཟླ་༣ པའི་ནང་ བཟོ་སྐྲུན་འབད་ནི་ ལོག་འགོ་བཙུགས་ཡོདཔ་ཨིན་པས།

ལས་འགུལ་འཛིན་སྐྱོང་པ་ པདྨ་འཕྲིན་ལས་ཀྱིས་འབད་བ་ཅིན་ རིང་ཚད་ཡོངས་བསྡོམས་ཀི་ལོ་མི་ཊར་༨༠.༥༨ འབད་མི་ གཞུང་ལམ་དེ་ མཇུག་བསྡུ་ནིའི་དོན་ལུ་ ཀི་ལོ་མི་ཊར་༥ རྐྱངམ་གཅིག་ལུ་ ལྷོད་ཡོདཔ་སྦེ་ཨིན་པས།

དར་དཀར་དཔལ་ལ་ལས་ དཱལ་བ་རི་གི་ གཞུང་ལམ་བཟོ་སྐྲུན་འབད་མི་དེ་གིས་ གེ་སར་གླིང་རྒེད་འོག་ལས་ རྡོ་རོ་ནང་འགྱོ་སའི་སོ་ནམ་ཞིང་ལམ་ག་ར་ མེདཔ་བཏང་ཡོདཔ་ལས་ ད་ལྟོ་ བྱི་རུ་སྒང་ལས་བསྐོར་ཏེ་ འགྱོ་དགོ་ནི་དེ་གིས་ དུས་ཚོད་མངམ་ འགོར་དོ་ཡོདཔ་ཨིན་པས།

གེ་སར་གླིང་གི་ རྒཔོ་པདྨ་དབང་མོ་གིས་འབད་བ་ཅིན་ དར་དཀར་དཔལ་ལ་ལས་ དཱལ་བ་རི་གི་ གཞུང་ལམ་མཇུག་བསྡུ་ནི་ལུ་ དུས་ཚོད་འགོར་ནི་དེ་གིས་ མི་སེར་ཚུ་ གནམ་བྱཱར་འགྲོ་འགྲུལ་འབད་ནི་ལུ་ ཉན་ཁ་ཅན་དང་ སྟབས་མ་བདེཝ་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིན་པས།

དེ་མ་ཚད་ སྣུམ་འཁོར་ཆུང་བ་ཡོད་མི་ཨིན་པ་ཅིན་ རང་གི་ ཁྱིམ་གྱི་སྒོ་ཁར་ སྣུམ་འཁོར་བཞག་ཞིནམ་ལས་ དགོས་མཁོ་ཡོད་མི་ ཅ་ཆས་ཚུ་ ལེན་བསྐྱལ་ནིའི་དོན་ལུ་ བོ་ལེ་རོ་གླ་ཁར་ལེན་ཏེ་ འགྱོ་དགོ་པའི་གནས་སྟངས་དེ་ གནམ་བྱཱར་ཨ་རྟག་ར་ བྱུངམ་མས་ཟེར་ཨིན་པས།

གློ་བུར་གྱི་ རྐྱེན་ངན་རེ་ཐོན་པའི་སྐབས་ ལམ་ག་ར་ འདམ་སྦེ་ཡོད་པའི་ཁར་ སྣུམ་འཁོར་མ་ཐོབ་པའི་སྐབས་ སྟབས་མ་བདེཝ་སྦོམ་བྱུངམ་མས་ཟེར་ཨིན་པས།

དར་དཀར་དཔལ་ལ་ལས་ དཱལ་བ་རི་གི་ གཞུང་ལམ་བཟོ་སྐྲུན་འབད་ནི་ འགོ་བཙུགས་ཏེ་ གངམ་མ་འགྱོཝ་ལས་ར་ སྟབས་མ་བདེཝ་ཐོན་ཏེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བཀག་ཆ་འབད་དེ་ ལོ་ངོ་༢ དེ་ཅིག་གི་རིང་ དེ་སྦེ་བཞག་ཡོདཔ་ཨིན་པས།

དར་དཀར་དཔལ་ལ་ དཱལ་བ་རི་གི་ གཞུང་ལམ་དེ་གིས་ དར་དཀར་ནང་གི་རྒེད་འོག་ བཙན་མདའ་སྒང་དང་ སྒོ་བཞི་ རྡོ་རོ་ན་ གེ་སར་གླིང་དང་ ཀརྨ་གླིང་གི་མི་སེར་ཚུ་ལུ་ ཕན་ཐོགས་ཚུགས་ནི་ཨིན་པས།

ལམ་བཟོ་སྐྲུན་འབད་ནི་དེ་ མཇུག་བསྡུ་ཞིནམ་ལས་ དེ་གིས་ མི་སེར་གྱི་ འཚོ་བའི་གནས་སྟངས་དང་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་འབྱུང་ཚུགས་ནི་ཨིན་པའི་གནས་ཚུལ།

དར་དཀར་ནང་ལས་ ཡེ་ཤེས་སྒྲོལ་མ།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *