དར་ཇི་གླིང་ལུ་ དཔེ་ཆ་ལྷབ་མི་ འབྲུག་པའི་སློབ་ཕྲུག་ཚུ་གིས་ སི་ལི་གུ་རི་ལུ་ དཔེ་ཆ་འཕྲོ་མཐུད་ལྷབ་ནི།

༉ ཀུན་གསལ་གྱིས་ གནས་ཚུལ་ཐོབ་མི་དང་འཁྲིལཝ་ད་ རྒྱ་གར་ དར་ཇི་གླིང་ལུ་ཡོད་མི་ སེནཊི་ཇོ་སེཕ་མཐོ་རིམ་སློབ་གྲྭའི་ སློབ་རིམ་༡༢ པ་དང་༡༠ པའི་ སློབ་ཕྲུག་༢ ཀྱིས་ སྤྱི་ཟླ་༨ པའི་ཚེས་༢ ལས་ སི་ལི་གུ་རི་ལུ་ཡོད་མི་ མེ་ཊི་ག་ར་ནང་སྦེ་ དཔེ་ཆ་འཕྲོ་མཐུད་ལྷབ་ནི་ཨིན་ཟེར་ སློབ་ཕྲུག་བདག་འཛིན་འཐབ་མི་ ཨེཕ་ཨར་ ཤ་ཇུ་མཱན་གྱིས་ སླབ་ཡོདཔ་ཨིན་པས།
སློབ་རིམ་༡༢ པ་དང་༡༠ པའི་ནང་ དཔེ་ཆ་ལྷབ་མི་ འབྲུག་པའི་སློབ་ཕྲུག་མེན་མི་ ལྟོ་ཐོབ་སློབ་ཕྲུག་གཞན་ཚུ་གིས་ཡང་ མེ་ཊི་ག་ར་སློབ་གྲྭ་ནང་ དཔེ་ཆ་འཕྲོ་མཐུད་ལྷབ་ནི་ཨིནམ་ད་ དེ་ཡང་ གཙོ་བོ་ར་ ད་རེས་ནངས་པར་ དར་ཇི་གླིང་དང་ སི་ཀིམ་ལུ་ བྲེལ་ཟིང་ལང་མི་ལུ་བརྟེན་ཨིནམ་ད་ སློབ་ཕྲུག་ཚུ་གིས་ སློབ་གྲྭ་གསརཔ་དེ་ནང་ སྤྱི་ཟླ་༨ པའི་ཚེས་༢ ལུ་ སྙན་ཞུ་འབད་ཞིནམ་ལས་ དེ་གི་ནངས་པར་ལས་ དཔེ་ཆ་འགོ་བཙུགས་འོང་ཟེར་ དར་ཇི་གླིང་གི་ མཐོ་རིམ་སློབ་གྲྭའི་ འགོ་འཛིན་ཚུ་གིས་ བཤདཔ་ཨིན་པས།
ཨེཕ་ཨར་ ཤ་ཇུ་མཱོན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ སློབ་ཚན་ཚུ་ཡང་ སེནཊི་ཇོ་སེཕ་མཐོ་རིམ་སློབ་གྲྭའི་ སློབ་དཔོན་ཚུ་གིས་ར་ སྟོན་འོང་ཟེར་ཨིནམ་ད་ སློབ་རིམ་༣ པ་ལས་༡༢ པའི་བར་ན་ འབྲུག་པའི་སློབ་ཕྲུག་༣༢ དེ་ཅིག་ ཡོདཔ་ཨིན་པས།
ད་རིས་ལས་ གནམ་བྱཱར་གྱི་ངལ་གསོ་ མཇུག་བསྡུ་ནི་ཨིན་རུང་ དར་ཇི་གླིང་ལུ་བྲེལ་ཟིང་ལང་མི་དེ་ ད་ལྟོ་ཡང་ ཞི་མ་ཚུགས་པར་ཡོདཔ་ལས་ ཨེཕ་ཨར་ ཤ་ཇུ་མཱོན་གྱིས་ གནས་སྟངས་ལེགས་ཤོམ་མ་འགྱོ་ཚུན་ སློབ་ཕྲུག་ཚུ་ ལོག་ལེན་ནི་གི་ འཆར་གཞི་མེད་ཟེར་ཨིན་པས།
མེ་ཊི་ག་ར་དེ་ སི་ལི་གུ་རི་དང་ བག་ཌོ་ར་བར་ན་ཨིནམ་ད་ དེ་ནང་ བྲེལ་ཟིང་གི་གནས་སྟངས་ཚུ་མེད་ཟེར་ ཨེཕ་ཨར་ ཤ་ཇུ་མཱོན་གྱིས་ སླབ་ཡོདཔ་ད་ སེནཊི་ཇོ་སེཕ་དང་ ཀ་ལིམ་པོང་གི་ སློབ་ཕྲུག་༨༥ བྱེལཝ་ཐོན་པའི་ཤུལ་ལས་ གཞུང་གིས་ལོག་སྟེ་ རྒྱལ་ཁབ་ནང་ཁྱིད་འོང་ཡོད་རུང་ ནམ་ལོག་འགྱོ་འོང་ག་ གཏན་འཁེལ་མེདཔ་ཨིན་པས།
གོར་ཁ་ ཇཱན་མུག་ཏི་ མོར་ཅའི་གི་ བྲེལ་ཟིང་དེ་ཡང་ ནུབ་བེང་གཱལ་གཞུང་གིས་ སྤྱི་ཟླ་༦ པའི་ནང་ ས་ཁོངས་དེ་ནང་གི་ གཞུང་གི་སློབ་གྲྭ་ག་ར་ནང་ བེང་གལ་གྱི་ཁ་སྐད་དེ་ ངེས་པར་དུ་ སྟོན་དགོཔ་བཟོ་ནི་ཨིན་པའི་སྐོར་ལས་ གསལ་བསྒྲགས་འབད་བའི་ཤུལ་ལུ་ ཐོན་ཡོདཔ་ད་ དེ་ནང་སྡོད་མི་ཚུ་གིས་ གསལ་བསྒྲགས་དེ་ལུ་ གདོང་ལེན་སྦོམ་འབད་ཡོདཔ་མ་ཚད་ མི་སྡེ་དང་ཁྲིམས་སྲུང་འགག་པའི་བར་ན་ བྲེལ་ཟིང་ཐོན་པའི་སྐབས་ མི་དག་པ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
བཀའ་ཁྲིམས་ལས་ཁུངས་ཀྱི་མདོ་ཆེན་ བཀྲིས་དཔལ་འབྱོར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གིས་ རྒྱ་གར་ལུ་ འབྲེལ་བ་ཡོད་མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་བཞིན་དུ་ཡོད་ཟེར་ཨིནམ་ད་ ཨིན་རུང་ གནས་སྟངས་ལ་ལོ་ཅིག་ ཁོང་གིས་ སྔོན་བཤད་འབད་མི་ཚུགས་པས་ཟེར་ཨིན་པས།
ཨིན་རུང་ དར་ཇི་གླིང་གི་ ཁྲིམས་སྲུང་འགག་པའི་གཙོ་འཛིན་གྱིས་ ལས་ཁུངས་ལུ་ བདུན་ཕྲག་༡ དེ་ཅིག་གི་ནང་འཁོད་ལུ་ ཀ་ལིམ་པོང་དང་ དར་ཇི་གླིང་ལུ་ མི་ལུ་ཤི་རྐྱེན་ཚུ་ མ་འབྱུང་ཟེར་བཤད་ཡོདཔ་མ་ཚད་ གནས་སྟངས་དེ་ཡང་ ལེགས་ཤོམ་འགྱོ་དོ་ཡོད་པའི་སྐོར་ལས་ གནས་ཚུལ་ལྷོད་ཅི་ཟེར་ མདོ་ཆེན་གྱིས་བཤད་ཅི།
དེ་མ་ཚད་ བེང་གལ་གཞུང་དང་ གོར་ཁ་ ཇཱན་མུག་ཏི་ མོར་ཅའི་བར་ན་ གྲོས་བསྟུན་འབད་བའི་བསྒང་ཡོདཔ་ལས་ ད་རེས་ཀྱི་བདུན་ཕྲག་ནང་ གནས་སྟངས་དེ་ ལེགས་ཤོམ་འགྱོ་ནི་བཟུམ་ཡོདཔ་ལས་ སློབ་གྲྭ་ཚུ་ཡང་ ལོག་སྒོ་ཕྱེ་ནི་བཟུམ་ཅིག་ ཡོད་ཟེར་ཨིན་པས།
ཨིན་རུང་ སློབ་ཕྲུག་ཚུ་ ལོག་འགྱོ་ནི་དེ་ ཉེན་སྲུང་ག་དེ་སྦེ་འོང་ག་ སླབ་མི་ཤེས་ཟེར་ ལས་ཁུངས་ལུ་ སླབ་ཡོདཔ་ད་ སློབ་ཕྲུག་ཚུ་གིས་ ད་རུང་ བདུན་ཕྲག་༡ དེ་ཅིག་ བསྒུག་ཚུགས་པ་ཅིན་ དྲག་ནི་མས་ཟེར་ སླབ་ཡོདཔ་ཨིན་པས།
མདོ་ཆེན་གྱིས་ སླབ་མིའི་ནང་ འབྲུག་པའི་སློབ་ཕྲུག་ཚུ་གིས་ ལོག་འགྱོ་བ་ཅིན་ ཉེན་སྲུང་ཡོད་མེད་སྐོར་ལས་ རང་སོའི་སློབ་གྲྭ་ཚུ་དང་འབྲེལ་བ་འཐབ་སྟེ་ གཏན་འཁེལ་བཟོ་དགོ་ཟེར་ཨིན་པས།
འཕྲལ་འཕྲལ་སྐབས་ བྱེལཝ་ཆུང་ཀུ་ཅིག་གིས་ཡང་ སྦོམ་འགྱོ་དོ་ཡོདཔ་ལས་ སློབ་ཕྲུག་ཚུ་གིས་ ལོག་མ་འགྱོ་བའི་ཧེ་མ་ལས་ གནས་སྟངས་ཚུ་ བརྟག་ཞིབ་འབད་དེ་ འགྱོ་དགོ་ཟེར་ མདོ་ཆེན་གྱིས་བཤད་ཅི།
ཁ་ཙ་ ས་མཚམས་ཁར་ འགྲུལ་བཀག་ལས་རིམ་ཡོདཔ་ལས་ འབྲུག་པའི་སྒོ་ར་ཚུ་ སྒོ་བསྡམས་བཞག་ཡོདཔ་ད་ བྱེལཝ་དེ་ཡང་ ཇི་ ཇེ་ ཨེམ་གྱིས་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ དེ་ནང་ མི་བརྒྱ་ལས་བཅད་མི་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ལས་ ཁྲིམས་སྲུང་འགག་པ་ཚུ་གིས་ བར་འཛུལ་འབད་དགོཔ་ ཐོན་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྲིམས་སྲུང་འགག་པ་ཚུ་གིས་ བྱེལཝ་སྦོམ་མ་འགྱོཝ་ལས་ གྱིབ་ཀྱི་མདེའུ་ཚུ་ ལག་ལེན་འཐབ་སྟེ་ ཇའི་སྒང་ཁྲོམ་ངོ་མ་ནང་ མ་འཛུལཝ་ལས་ བཀག་ཆ་འབད་ཚུགས་ཅི་ཟེར་ཨིནམ་ད་ ཇའི་སྒང་ལུ་ འབྲུག་མི་༥,༠༠༠ དེ་ཅིག་ སྡོད་དོ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *