༉ འབྲུག་རྒྱལ་ཁབ་ནང་ ཨ་ལོ་རྨས་སྐྱེས་ཚུ་གིས་གཙོས་པའི་ སྐྱེས་ལོ་༥ འོག་རྒྱུ་ལུ་ ཨ་ལོའི་ཤི་ཚད་ ཀླད་ཀོར་བཟོ་ནི་གི་ འོས་འབབ་ཡོདཔ་ཨིན་ན?
གསོ་བའི་ལྷན་ཁག་གིས་ འཆར་གཞི་༡༡ པ་མཇུག་བསྡུཝ་ད་ ཨ་ལོ་ཕུད་རྡོག་གཅིག་ཡང་ ཤི་རྐྱེན་མེདཔ་ བཟོ་ནི་གི་ དམིགས་གཏད་བསྐྱེད་ཡོད་རུང་ རྫོང་ཁག་མང་ཤོས་ཅིག་ནང་ར་ ཨ་ལོ་སྐྱེས་ཚར་བའི་ཤུལ་ལས་ ཉིན་གྲངས་༢༨ ཀྱི་ནང་འཁོད་ལུ་ ཤི་རྐྱེན་བྱུང་མི་ལུ་ལྟཝ་ད་ ཤི་ཚད་ཀླད་ཀོར་བཟོ་ནི་དེ་ དོ་འགྲན་ཅན་སྦེ་ར གནས་ཡོད་པའི་ ཤེས་རྟོགས་བྱུང་ནུག།
དེ་མ་ཚད་ གསོ་བའི་ལྷན་ཁག་གི་ ཐོ་བཀོད་དང་འཁྲིལཝ་ད་ འདས་པའི་ལོ་ངོ་༥ གི་ནང་ ཟླཝ་རེ་ལུ་ སྐྱེས་ལོ་༥ འོག་གི་ ཨ་ལོ་རེ་ ཤི་རྐྱེན་བྱུང་ཡོདཔ་ད་ ད་རེས་ནངས་པར་ གསོ་བའི་ཞབས་ཏོག་ཚུ་ རྒྱལ་ཁབ་ཀྱི་ ས་གནས་ཐདམ་ཐད་ཁ་ལས་ཕར་ ལྷོད་དེ་ཡོདཔ་མ་ཚད་ སྨན་པ་དང་ མཐུན་རྐྱེན་ཚུ་ མ་བཏུབ་བཏུབ་སྦེ་ གཞི་བཙུགས་འབད་དེ་ཡོད་པའི་ཁར་ ནདཔ་ཚབས་ཆེན་ཚུ་ གསོ་བའི་ལྟེ་བ་ནང་ བསྐྱལ་ནིའི་དོན་ལུ་ གནམ་གྲུའི་ཞབས་ཏོག་ཡང་ འགོ་བཙུགས་ཏེ་ཡོད་རུང་ ཨ་ལོའི་ཤི་ཚད་ལུ་ལྟཝད་ད་ རྣམ་རྟོག་ལང་སི་སི་དང་ ཚ་གྱང་ལང་དགོཔ་ཅིག་ཨིན་མས།
འདི་འབདཝ་ལས་ འདས་པའི་ཟླཝ་ནང་ ལོ་ཟུང་གསོ་བའི་ཞལ་འཛོམས་ འཚོགས་པའི་སྐབས་ ཨ་ལོའི་ཤི་ཚད་ ཀླད་ཀོར་བཟོ་ནིའི་ དམིགས་ཡུལ་འགྲུབ་ཚུགས་པར་ ལཱ་ཁག་ཡོད་མི་ལུ་བརྟེན་ གསོ་བའི་དམིགས་གཏད་དེ་ བསྐྱར་ཞིབ་འབད་དགོ་པའི་ གྲོས་འདེབས་བཀོད་མི་དང་འཁྲིལ་ གསོ་བའི་ལྷན་ཁག་གིས་ ཨ་ལོའི་ཤི་ཚད་ ཀླད་ཀོར་བཟོ་ནི་གི་ འོས་འབབ་རྩ་ལས་མེདཔ་ ཤ་གོ་སྟེ་ འཆར་གཞི་༡༢ པའི་ནང་ རྫོང་ཁག་སོ་སོའི་ནང་ ཤི་རྐྱེན་བྱུང་མིའི་ ཚད་གཞི་ལས་ ཕྱེད་ཀ་མར་ཕབ་འབད་ནི་གི་ དམིགས་གཏད་བསྒྱུར་བཅོས་འབད་ནུག།
དཔེ་འབད་བ་ཅིན་ སྤྱི་ལོ་༢༠༡༢ ལས་༢༠༡༦ ལུ་ ལོ་༥ གི་རིང་ སྤ་རོ་རྫོང་ཁག་ནང་ ཨ་ལོ་བསྡོམས་༡༠༢ ལུ་ ཤི་རྐྱེན་བྱུང་མི་དེ་ ལོ་ལྔའི་འཆར་གཞི་༡༢ པའི་ནང་ ཤི་ཚད་གྱངས་ཁ་༥༠ ལུ་ མར་ཕབ་འབད་ནི་ཨིནམ་ད་ དེ་བཟུམ་སྦེ་ བསམ་རྩེ་རྫོང་ཁག་ནང་ ཨ་ལོ་༨༩ ལུ་ ཤི་རྐྱེན་བྱུང་མི་དེ་༤༥ ལུ་ མར་ཕབ་འབད་ནི་ཨིན་མས།
འབྲུག་གིས་ དམིགས་གཏད་བཟོ་ནིའི་ཐད་ལུ་ གོང་འཕེལ་སྲིད་བྱུས་དང་ ཡང་ཅིན་ ལྟ་བཤལ་ལས་དོན་ བཙག་འཐུའི་གྲུབ་འབྲས་ ཡང་ཅིན་ ཉམས་སྲུང་དང་ གསོ་བའི་ཐད་ལུ་འབད་རུང་ དམིགས་ཚད་སྦོམ་སྦེ་ བཟོ་སྲོལ་ཡོདཔ་ད་ འདི་བཟུམ་མའི་ དམིགས་ཚད་སྦོམ་བཟོ་མི་དེ་ འགྲུབ་ཐབས་འབད་ནི་གི་ བརྩོན་ཤུགས་བསྐྱེད་བཅུག་ཐབས་ལུ་ཨིན་མས།
འདི་འབདཝ་ད་ ཨ་ལོའི་ཚེ་སྲོག་གི་ཐད་ལུ་ལྷོདཔ་ད་ མི་མང་ལུ་ གྲུབ་འབྲས་བཏོན་ནིའི་དོན་ལུ་ དམིགས་ཚད་མར་ཕབ་འབད་ནི་དེ་ འོས་ལྡན་ཅིག་ མི་མཐོངམ་མས།
མ་གཞི་ གསོ་བའི་སྨན་ཁང་ཚུ་ནང་ གསོ་བའི་ལས་བྱེདཔ་དང་ དྲུང་འཚོ་ཚུ་ ལངམ་མེད་པའི་ དཀའ་ངལ་ལུ་བརྟེན་ གསོ་བའི་ཞབས་ཏོག་སྤྲོད་ནི་ལུ་ གདོང་ལེན་དུམ་གྲ་རེ་བྱུང་སྟེ་ཡོདཔ་ མི་སེར་དང་ སྲིད་བྱུས་རྩམ་མི་ཚུ་གིས་ ཤེསཔ་ཨིན་རུང་ ང་བཅས་རའི་ མི་སེར་ཚུ་གིས་ གསོ་བའི་ཞབས་ཏོག་སྤྱོད་ནི་ལུ་ ག་དེ་དྲག་དྲག་ རྩ་འགེངས་དོ་ཡོད་པའི་ མངོན་གསལ་བྱུངམ་མས།
ད་རེས་ནངས་པར་ སྨན་ཁང་ནང་ སྐྱེས་མ་དང་ ཨ་ལོ་མང་སུ་ འོང་མི་ལུ་བལྟ་བ་ཅིན་ ཨ་ལོ་ཚུ་ ཤི་རྐྱེན་འབྱུང་ནི་ལས་ སྲོག་སྐྱབས་འབད་ཚུགས་ནི་ཨིནམ་ལས་ ཤི་ཚད་ག་དེ་ཉུང་ཉུང་ བཟོ་ནི་གི་ དམིགས་གཏད་འབད་མི་དེ་ འགྲུབ་ཚུགས་ནི་བཟུམ་མཐོངམ་མས།
འདི་འབདཝ་ལས་ ང་བཅས་ཀྱིས་ དམིགས་གཏད་མར་ཕབ་འབད་དེ་ གྲུབ་འབྲས་བཏོནམ་ད་ ངལ་རངས་ནི་དང་ དཔའ་ཉམས་བསྐྱེད་དགོཔ་ ག་ནི་ཡང་མེདཔ་ལས་ རྒྱལ་ཁབ་ནང་ དཔལ་འབྱོར་གོང་འཕེལ་དང་བསྟུན་ དམིགས་གཏད་བཟོ་མི་དེ་ ག་དེམ་ཅིག་ར་ ལཱ་ཁག་ཡོད་རུང་ འགྲུབ་ཐབས་འབད་ནི་ལུ་ རྩ་འགེངས་དགོ་ཟེར་ ཞུ་ནི་ཨིན།
Check Also
གསོ་རིག་གཙུག་ལག་སློབ་སྡེའི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།
༉ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ གསོ་བའི་ཤེས་ཡོན་ལས་རིམ་ ཡར་དྲག་གཏང་ནི་ནང་ གསོ་བ་ལྷན་ཁག་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་༢ མཉམ་འབྲེལ་གོང་འཕེལ་གཏང་ནིའི་དོན་ལུ་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས། གོ་བརྡའི་ཆིངས་ཡིག་ཅིག་གི་ དམིགས་ཡུལ་དེ་ཡང་ གསོ་བའི་ལས་བྱེདཔ་ཚུ་ལུ་ འཇོན་ཐངས་ཅན་དང་ …