དམིགས་བསལ་གཙོ་ཅན་ལས་རིམ་འགྲུབ་ཐབས་ལུ་ མཐུན་རྐྱེན་གོང་འཕེལ་གཏང་ནི་དང་ མི་སྟོབས་ལྕོགས་གྲུབ་ཅན་བཟོ་ནི།

༉ རྩིས་ལོ་༢༠༡༩ དང་༢༠༢༠ ལུ་ རྒྱལ་ཡོངས་རང་བཞིན་སོ་ནམ་ཐོན་སྐྱེད་ཀྱིས་ དམིགས་བསལ་གྱི་ གཙོ་ཅན་ལས་རིམ་འགྲུབ་ཐབས་ལུ་ གཞི་འགྱམ་གྱི་ མཐུན་རྐྱེན་གོང་འཕེལ་གཏང་ནི་དང་ གནས་སྟངས་དང་ འཁྲིལ་བའི་ མི་སྟོབས་ལྕོགས་གྲུབ་ཅན་བཟོ་ནི་ལུ་ དམིགས་གཏད་བསྐྱེད་ནི་ཨིན་པས།
གཞུང་གིས་ རང་བཞིན་གྱིས་སྨིན་པའི་ སོ་ནམ་གྱི་ གཙོ་ཅན་ལས་རིམ་དོན་ལུ་ འཆར་གཞི་༡༢ པའི་ནང་ མ་དངུལ་དུང་ཕྱུར་༡ གནང་མི་ལས་ རྩིས་ལོ་དང་པའི་ནང་ མ་དངུལ་ས་ཡ་༡༨༩.༩ བཞག་སྟེ་འདུག།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ རང་བཞིན་གྱིས་སྨིན་པའི་སོ་ནམ་ལས་རིམ་ཚུ་ རང་བཞིན་སྨིན་པའི་ སོ་ནམ་ཐོན་སྐྱེད་ལས་རིམ་ནང་ ཚུད་དགོཔ་ཨིན་ཟེར་ གཞུང་སྐྱོང་མཆོག་འགྱུར་གན་ཡིག་གུ་ མཚན་རྟགས་བཀོད་པའི་སྐབས་ གསུངས་གནང་ཡི།
ལས་རིམ་དེ་ལུ་བརྟེན་ རྒྱལ་ཁབ་ནང་ འོང་འབབ་སྦོམ་ཤོས་ཅིག་འོང་མི་ གློག་མེའི་ཤུལ་ལས་ རང་བཞིན་གྱིས་སྨིན་པའི་ཐོན་སྐྱེད་ལས་ ཐོབ་ཐབས་བཟོ་ནི་ཟེར་ བློན་ཆེན་གྱིས་གསུངས་ཡི།
གཙོ་ཅན་ལས་རིམ་གྱི་ དམིགས་གཏད་གཙོ་བོ་ར་ ཡུན་བརྟན་གྱི་ ཟད་བཅུད་ལྡན་པའི་ རང་བཞིན་ཐོན་སྐྱེད་ཚུ་ རྒྱ་ཆེཝ་སྦེ་ ཐོན་སྐྱེད་འབད་ཞིནམ་ལས་ མི་སྡེ་དཔལ་འབྱོར་གོང་འཕེལ་གཏང་ཐབས་ལུ་ ཚོང་འབྲེལ་འབད་ནི་ ཨིན་པས།
རྩིས་ལོ་དང་པའི་ནང་ རང་བཞིན་གྱིས་སྨིན་པའི་ཐོན་སྐྱེད་རྒྱ་ཆེ་དྲགས་སྦེ་ ཐོན་སྐྱེད་འབད་ནི་དང་ ན་གཞོན་༡༠༠ དེ་ཅིག་ལུ་ གཡོག་སྤྲོད་ནི་ ལྟ་རྟོག་དང་ཞིབ་འཛོལ་འབད་ནི་ དེ་ལས་ ཕྱི་ཁ་ལས་ཕར་ ཚོང་འབྲེལ་འཐབ་ཚུགསཔ་བཟོ་ནིའི་དོན་ལུ་ སྔོན་རྟགས་ཀྱི་ལཱ་ཚུ་ འབད་ནི་ཨིན་པས།
ཐིམ་ཕུག་ འོད་གསལ་སྤང་ལུ་ཡོད་པའི་ སོ་ནམ་ཞིབ་འཚོལ་གོང་འཕེལ་ལྟེ་བའི་ལས་རིམ་མདོ་ཆེན་ སྐལ་བཟང་མཚོ་མོ་གིས་ རྒྱལ་ཁབ་ནང་ རང་བཞིན་གྱིས་སྨིན་པའི་ སོ་ནམ་ཐོན་སྐྱེད་འབད་ནི་དང་ ཕྱིར་བཙོང་འཐབ་ནིའི་དོན་ལུ་ འཆར་བཀོད་དེ་ སྤྱི་ལོ་༢༠༠༨ ལས་ར་ཡོད་རུང་ ལྟེ་བའི་ནང་ མི་སྟོབས་ཀྱི་དཀའ་ངལ་དང་ མ་དངུལ་མེད་མི་ལུ་བརྟེན་ དམིགས་དོན་འགྲུབ་མ་ཚུགས་ཟེར་ སླབ་ཨིན་པས།
དམིགས་བསལ་གཙོ་ཅན་ལས་རིམ་ལུ་བརྟེན་ རང་བཞིན་སྨིན་པའི་ སོ་ནམ་ཐོན་སྐྱེད་ཀྱི་འཆར་བཀོད་ལུ་ ལཱ་འབད་ནིའི་གོ་སྐབས་ཐོབ་ཡོདཔ་ལས་ འགྲོས་ཀྱིས་སྦེ་ རང་བཞིན་སྨིན་པའི་ སོ་ནམ་ཐོན་སྐྱེད་ཀྱི་ རྒྱལ་ཁབ་བཟོ་ནིའི་དོན་ལས་ འཆར་གཞིའི་ལཱ་ཚུ་ གོ་རིམ་སྦེ་ འབད་ནི་འགོ་བཙུགས་ཚུགས་ཟེར་ཨིན་པས།
བཟོ་གྲྭ་ཁང་ གཞི་བཙུགས་འབད་ནིའི་དོན་ལུ་ གཞན་ཁར་ལས་ མ་རྩ་བཙུགས་དགོཔ་བཞིན་དུ་ དམིགས་བསལ་གཙོ་ཅན་ལས་རིམ་གྱིས་ རང་བཞིན་གྱིས་སྨིན་པའི་ སོ་ནམ་ཐོན་སྐྱེད་འབད་ཚུགསཔ་བཟོ་ཐབས་ལུ་ ཕྱི་དང་ ནང་འཁོད་ལས་ བརྩོན་ཤུགས་ཐེབས་བསྐྱེད་དེ་ ལཱ་འབད་དགོཔ་ཨིན་པས།
རང་བཞིན་གྱིས་སྨིན་པའི་བཟོ་གྲྭ་ཁང་ལུ་ རང་བཞིན་གྱི་ལུད་དང་ འབུབ་སྨན་ སོན་ སེམས་ཅན་གྱི་ཆག་ཚུ་ ནང་འཁོད་ཀྱི་ལཱ་འབད་དགོཔ་ད་ དེ་ཚུ་ རྒྱལ་ཁབ་ནང་མེད་པ་ཅིན་ མི་སེར་སོ་ནམ་པ་ཚུ་གིས་ སོ་ནམ་ཐོན་ སྐྱེད་ཀྱི་ དམིགས་དོན་འགྲུབ་མི་ཚུགས་ཟེར་ ལས་རིམ་མདོ་ཆེན་གྱིས་ བཤདཔ་ཨིན་པས།
དེ་བཟུམ་སྦེ་ རང་བཞིན་གྱིས་སྨིན་པའི་ སོ་ནམ་ཐོན་སྐྱེད་འབད་ཐབས་ལུ་ མི་སེར་སོ་ནམ་པ་ཚུ་གིས་ སྤྲོ་བ་དང་ དང་འདོད་དགོཔ་གལ་ཆེ་བའི་ཁར་ ལཱ་འབད་ནིའི་ལྕོགས་གྲུབ་ཡང་དགོ་ཟེར་ཨིནམ་མ་ཚད་ ཐོན་སྐྱེད་ཚུ་འབད་ཚུགས་རུང་ བཙོང་ས་དང་ ཚོང་འབྲེལ་འབད་སའི་ཁྲོམ་དང་ ཉོ་མི་མེད་པ་ཅིན་ དམིགས་གཏད་འགྲུབ་མི་ཚུགས་ཟེར་ ཨིན་པས།
དེ་འབདཝ་ལས་ སྒེར་སྡེ་ཚུ་གིས་ སྤྲོ་བ་ལེན་ནི་དང་ ཚོང་ལས་རྐྱབ་མི་ཚུ་ གོང་འཕེལ་གཏང་ནི་ གཙུག་སྡེ་ཚུ་གི་ སྲིད་བྱུས་དང་ དེ་ལས་ རང་བཞིན་སྨིན་པའི་ཐོན་སྐྱེད་ཀྱི་ སྒྲིག་གཞི་ཚུ་ སྒྲིང་སྒྲི་བཟོ་དགོཔ་ཨིན་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *