དམར་བསད་འབད་མི་ ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༡༡ བཀལ་ཡོདཔ།

༉ ཀྲོང་གསར་རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༣ པའི་ཚེས་༢༦ ལུ་ བསམ་གྲུབ་ལྗོངས་མཁར་ ཕུན་ཚོགས་ཐང་རྒེད་འོག་ འཛོམས་གླིང་ཐང་ལས་ཨིན་མི་ སྐྱེས་ལོ་༣༠ ལང་མི་ ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༡༡ བཀལ་ཡོདཔ་ད་ དེ་ཡང་ ཁོ་གིས་ སྐྱེས་ལོ་༢༡ དེ་ཅིག་ལང་མི་ ཁོ་རའི་ཆ་རོགས་དེ་ དམར་བསད་འབད་མི་ལུ་བརྟེན་ཨིན་པས།

ཉེས་འཛུགས་ཅན་གྱིས་ ཁོ་རའི་ཆ་རོགས་ སྲུང་རྒྱབ་དེ་ སྤྱི་ལོ་༢༠༢༠ ཟླ་༩ པའི་ཚེས་༢༧ ལུ་ མང་སྡེ་ཆུ་གློག་མེ་ལས་འགུལ་འོག་ གེ་མཱོན་བཟོ་སྐྲུན་ལས་སྡེའི་ ཨེ་ཌེཊ་༢ པའི་ས་ཁོངས་ནང་ དམར་བསད་འབད་ཡོདཔ་ཨིན་པས།

ཁོང་༢ ཆ་ར་ ལས་འགུལ་དེ་ནང་ སྲུང་རྒྱབ་ཀྱི་ལཱ་འབད་དོ་ཡོདཔ་ད་ ཚེ་འདས་ཉམས་རྒུདཔ་དེ་ ཀྲོང་གསར་ བསམ་ཆོས་གླིང་ལས་ཨིན་པས།

ཉེས་ཅན་ཕོ་སྐྱེས་དེ་གིས་ སྤྱི་ཟླ་༡༠ པའི་ཚེས་༢༧ ལུ་ ཉམས་རྒུདཔ་གཞན་༢ ཀྱི་གདོང་གུ་ མཛོག་ཕོག་བླུགས་ཡོདཔ་ལས་ བཙོན་ཁྲིམས་ཟླཝ་༢ དང་༣ སྨིན་དགོཔ་མ་ཚད་ ཚེ་འདས་ཀྱི་ ལྟག་ཀོ་གུ་ གྱི་ཅུང་ཀ་ཊ་ལ་གསོབ་ཡོདཔ་ལས་ བཙོན་ཁྲིམས་ལོ་༡༡ དེ་ལས་ ཉེས་ཅན་ཁོ་ར་ ཀྲོང་གསར་ཁྲིམས་སྲུང་འགག་པའི་ བཙོན་ཁང་སྡོད་པའི་སྐབས་ སྤྱི་ཟླ་༡༠ པའི་ཚེས་༡༨ ལུ་ བཙོན་ཁང་ནང་ལས་ བྲོས་ཟུར་འབད་ནིའི་ དཔའ་བཅམ་མི་ལུ་བརྟེན་ བཙོན་ཁྲིམས་ཟླཝ༧ དང་ཞག་༡༦ སྨིན་དགོཔ་ཨིན་པས།

ཉེས་ཅན་ཕོ་སྐྱེས་དེ་གིས་ བྱ་ངན་ཚུ་ག་ར་ འཐབ་ཡོདཔ་སྦེ་ རྫུན་ཁ་བཟེད་ཡོདཔ་ཨིན་པས།

ཁྲིམས་འདུན་གྱིས་ དབྱེ་དཔྱད་འབད་བའི་སྐབས་ རྩོད་ཟླ་གིས་ སྔོན་ལས་ཁྲིམས་གཅོད་གྲུབ་པ་མེད་པའི་ཁར་ གནོད་འགེལ་ག་ར་ དུས་ཅིག་ལུ་འབད་ཡོདཔ་ལས་ འབྲུག་གི་གཞི་རྩོད་དང་ ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ དོན་ཚན་༢༡༡ པ་ལྟར་ ཁོ་ར་ འཛིན་བཟུང་འབད་བའི་ཚེས་གྲངས་ལས་ བཙོན་ཁྲིམས་ལོ་༡༡ སྨིན་དགོ་པའི་ འཁྲུན་ཆོད་བཏོན་གནང་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ རྒུས་འཐུས་སྤྲོད་ནིའི་ཐད་ཁར་ དབྱེ་ཞིབ་འབད་བའི་སྐབས་ ཚེ་འདས་མེན་པའི་ ཉམས་རྒུདཔ་གཞན་༢ ལུ་ རྒུས་འཐུས་སྤྲོད་མ་དགོཔ་ཨིན་རུང་ ཚེ་འདས་ཀྱི་ནང་མི་ལུ་ རྒུད་འཐུས་དངུལ་ཀྲམ་༡༦༨,༢༣༢ ཟླཝ་༣ གྱི་ནང་འཁོད་ལུ་ སྤྲོད་དགོཔ་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *