དམར་བསད་ཀྱི་དཔའ་བཅམ་མི་ ཨམ་སྲུ་ཅིག་ རྩོད་བཤེར་འབད་དོ་ཡོདཔ།

༉ འདས་པའི་ལོ་ནང་ སྐྱེས་ལོ་༣༤ ལང་མི་ པདྨ་དབང་མོ་གིས་ སྐྱེས་ལོ་༢༦ ལང་མི་ ཉམས་རྒུདཔ་ཀུན་བཟང་ཆོས་སྒྲོན་ དམར་བསད་འབད་ནིའི་ དཔའ་བཅམ་ཡོད་པའི་སྐོར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མོང་སྒར་ཁྲིམས་ཀྱི་འདུན་སར་ རྩོད་བཤེར་འབད་བའི་བསྒང་འདུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་ཀྱིས་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་ སྙན་ཞུ་དང་འཁྲིལ་བ་ཅིན་ པདྨ་དབང་མོ་ལུ་ ཉེས་འཛུགས་དབྱེ་རིམ་༣ པ་ བཀལ་དགོ་པའི་ཞུ་བ་ཕུལཝ་མ་ཚད་ རྒུས་འཐུས་དངུལ་ཀྲམ་༢༠༠,༠༠༠ ལྷགཔ་ཅིག་ ཉམས་རྒུདཔ་ལུ་ སྤྲོད་དགོ་པའི་ཞུ་བ་འབད་ནུག།
དེ་ཡང་ སྤྱི་ལོ་༢༠༡༧ ཟླ་༡༠ པའི་ཚེས་༣༡ ནུབ་མོའི་ཆུ་ཚོད་༡༡ དེ་ཅིག་ཁར་ ཉེས་འཛུགས་འབད་མི་ པདྨ་དབང་མོ་གིས་ ཉམས་རྒུདཔ་སྡོད་སའི་ སྒར་ནང་སོང་སྟེ་ ཆབ་གསང་འབད་བར་ ཆ་རོགས་སྦེ་ཁྱིད་སོང་ཞིནམ་ལས་ ཚལ་མ་ནང་ལྷོདཔ་ད་ ཧང་སྟོང་པར་ གྱི་ཅུང་གིས་ ག་ཐོབ་གསོབ་སྟེ་ དམར་བསད་འབད་ནིའི་ དཔའ་བཅམ་ནུག་ཟེར་ཨིན་པས།
པདྨ་དབང་མོ་དེ་ བཀྲིས་གཡང་རྩེ་རྫོང་ཁག་ ཁམས་དྭངས་ གསེར་སྤང་གཡུས་ཚན་ལས་ཨིན་རུང་ རྨགཔ་དང་གཅིག་ཁར་ ལྷུན་རྩེ་ལུ་སྡོད་ཡོདཔ་ད་ རྐྱེན་ངན་བྱུང་བའི་སྐབས་ ཁ་ཉེས་ཕོག་མི་ཨམ་སྲུ་དེ་ ལྷུན་རྩེ་ལས་ མོང་སྒར་ལུ་འོང་བའི་ཤུལ་ མོང་སྒར་ལས་ གླ་འཁོར་ནང་འཛུལ་ཏེ་ མོ་རའི་གཡུས་ཁར་འགྱོ་བའི་སྐབས་ ཤེལ་རི་ཆུ་ལུ་ལྷོདཔ་ད་ ལམ་རྒྱ་སྐྱེད་ཀྱི་དོན་ལུ་ ལམ་བཀག་ཡོདཔ་ལས་ བསྒུག་སྡོད་དགོཔ་བྱུང་ནུག།
དེ་བསྒང་ ཉེས་འཛུགས་ཅན་ཨམ་སྲུ་གིས་ ཉམས་རྒུདཔ་ཨམ་སྲུ་དེ་ མཐོང་ཞིནམ་ལས་ རྨགཔ་བགྲེསཔ་དབང་ཕྱུག་དང་ ཁ་བྱལ་འགྱོ་བའི་སྐབས་ ཨ་ལོའི་གསོ་འཐུས་སྤྲོད་ནིའི་དོན་ལུ་ དངུལ་ཀྲམ་༣༠,༠༠༠ བསྐྱི་འབག་མི་འདི་ ལོག་སྤྲོད་མ་བཏུབ་པར་ཡོདཔ་ལས་ ཉམས་རྒུདཔ་བསད་ནིའི་ མནོ་བསམ་བཏང་ནུག་ཟེར་ཨིན་པས།
ཨམ་སྲུ་དེ་གིས་ སྲོག་གཅོད་ཉེས་ལས་འཐབ་ནིའི་ དམིགས་གཏད་བསྐྱེདཔ་བཞིན་དུ་ ཉམས་རྒུད་པའི་གཟུགས་ཁར་ རྨ་ཁག་༡༢ ལྷགཔ་ཅིག་ བཏོན་ཡོདཔ་ལས་ ཚེ་སྲོག་ལུ་ ཉེན་ཁ་སྦོམ་བྱུང་ནུག་ཟེར་ ཞུ་ཡོད་པའི་ཁར་ གཟུགས་ཁར་ རྨ་བཏོན་པའི་གནད་ལས་ དབང་པོ་ལུ་ ལྕོགས་གྲུབ་མེདཔ་ཐལ་མི་ལུ་བརྟེན་ ལོ་༡༥ གི་ རྒྱལ་ཡོངས་ལས་མིའི་གླ་ཆ་རྩིས་རྐྱབ་སྟེ་ དངུལ་ཀྲམ་༢༢༥,༠༠༠ རྒུད་འཐུས་སྤྲོད་དགོ་པའི་ ཞུ་བ་འབད་ནུག།
རྐྱེན་ངན་བྱུང་པའི་ཤུལ་ལས་ ཉམས་རྒུདཔ་ཨམ་སྲུ་དེ་ བཀྲིས་སྒང་སྨན་ཁང་ནང་ བསྐྱལ་ཡོད་རུང་ ཉེས་འཛུགས་ཅན་དེ་ ཁྲིམས་སྲུང་འགག་པ་གིས་ འཚོལ་མ་ཐོབ་པར་ཡོད་རུང་ དེ་གི་ནངས་པར་ བཀྲིས་སྒང་ལྕགས་ཟམ་ལས་ འཛིན་བཟུང་འབད་དེ་ མོང་སྒར་ཁྲིམས་སྲུང་འགག་པ་ལུ་ རྩིས་སྤྲོད་འབད་ནུག།
མོང་སྒར་ཁྲིམས་སྲུང་འགག་པ་གིས་ ཁ་ཉེས་ཕོག་མི་ཨམ་སྲུ་དེ་ལུ་ ཞིབ་དཔྱད་མཐིལ་ཕྱིན་འབད་ཞིནམ་ལས་ རྩོད་བཤེར་གྱི་དོན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ བཏང་ཡོདཔ་ད་ མོ་ལུ་ ཨ་ལོ་༤ ཡོདཔ་ཨིན་པས།
ཉམས་རྒུདཔ་ཨམ་སྲུ་དང་གཅིག་ཁར་ འདས་པའི་དྲི་ལན་འབད་མི་དང་འཁྲིལ་བ་ཅིན་ སྐྱེས་ལོ་༢༥ ལང་མི་ ཀུན་བཟང་ཆོས་སྒྲོན་དེ་ ཤེལ་རི་ཆུ་ཟམ་བརྒལ་བའི་ཤུལ་ལུ་ མཆོད་རྟེན་ཡོད་མི་ སྤོག་ཏོ་ཅིག་གུ་ ཕྱི་རུའི་ཆུ་ཚོད་༤ དེ་ཅིག་ལུ་ སྣུམ་འཁོར་བཀག་སྟེ་ སྡོད་པའི་སྐབས་ ཨམ་སྲུ་ངོ་མ་ཤེས་མི་ཅིག་གིས་ གདོང་དང་ ཁ་སྤུབས་ཏེ་ མོ་གི་མཐའ་མར་ འོང་ཞིནམ་ལས་ ཁ་སླབ་ཡོདཔ་ཨིན་པས།
ཉམས་རྒུདཔ་ཀུན་བཟང་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ཕྱི་རུའི་ཆུ་ཚོད་༥ ལུ་ གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་འབད་མི་ཚུ་ དུས་ཚོད་ཚང་པའི་ཤུལ་ལས་ མོ་ར་སྡོད་སའི་ ཁྱིམ་ནང་འགྱོཝ་ད་ ངོ་མ་ཤེས་མི་ ཨམ་སྲུ་དེ་གིས་ རྟིང་བདའ་འོང་ཡོདཔ་བཞིན་དུ་ མོ་གི་ཁྱིམ་ནང་ཡང་འོང་སྟེ་ སྡོད་ཅི་ཟེར་ཨིན་པས།
མོ་རའི་ཧོངས་ལས་འབད་བ་ཅིན་ ངོ་མ་ཤེས་རུང་ ཕྱི་རུ་བཞེས་སྒོ་བྱིན་ནི་ཟེར་ སླབ་པའི་སྐབས་ ཨམ་སྲུ་དེ་གིས་ ཆབ་གསང་འགྱོ་གེ་ཟེར་སླབ་སྟེ་ ཆ་རོགས་སྦེ་འགྱོ་བའི་སྐབས་ ཨམ་སྲུ་དེ་གིས་ ལྟག་ལྐོག་གུ་ གྱི་བརྫམས་རྐྱབ་ཡོདཔ་ལས་ མོ་ར་ དྲན་མེད་བརྒྱལ་སོ་ནུག་ཟེར་ཨིན་པས།
ཀུན་བཟང་ཆོས་སྒྲོན་གྱིས་ སླབ་མིའི་ནང་ མོ་ར་ ལོག་དྲན་པ་འོང་པའི་སྐབས་ ཨམ་སྲུ་དེ་གིས་ མོ་གི་ཐོག་ཁར་འཛེགས་ཏེ་ གྱི་ཅུང་གིས་ ཁ་གུ་ལས་མར་ གསོབ་ནི་འབདཝ་ད་ ལགཔ་བཟུང་ཚུགས་པའི་ཤུལ་ལས་ ཧ་ལམ་ཅིག་ འཐབ་འཛིང་འབད་ཡི་ཟེར་ སླབ་ནུག།
མོ་གིས་འབད་བ་ཅིན་ རྐྱེན་ངན་མ་འབྱུང་པའི་ཧེ་མར་ ཨམ་སྲུ་ཅིག་གིས་ མོ་གི་སྐོར་ལས་ ཁ་གསལ་སླབ་དགོཔ་སྦེ་ བརྒྱུད་འཕྲིན་བཏང་ཡོདཔ་མ་ཚད་ ཧེ་མ་ ཁ་བྱལ་མི་ རྨགཔ་གི་སྐོར་ལས་སླབ་སྟེ་ དམར་བསད་འབད་ནིའི་ དཔའ་བཅམ་མི་དེ་ གནད་དོན་ཧ་གོ་མ་ཚུགས་ཟེར་ སླབ་ཨིན་པས།
ད་ལྟོ་ རྩོད་བཤེར་འབད་བའི་བསྒང་ཡོདཔ་བཞིན་དུ་ ཁ་ཉེས་ཕོག་མི་ཨམ་སྲུ་དེ་ མོང་སྒར་ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *