དམངས་རྩིས་ཚོགས་ཆུང་གི་ གྲོས་འདེབས་ཆ་མེད།

༉ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ཀྱིས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ གྲོས་འདེབས་ཚུ་ ལག་ལེན་འཐབ་སྟེ་ གྲུབ་འབྲས་བྱུང་རུང་ དམངས་རྩིས་ཚོགས་ཆུང་གིས་ གྲོས་འདེབས་ཕུལ་མི་ཚུ་ ཆ་མེད་བཏང་ཡི།

རྐྱེན་ངན་འཛིན་སྐྱོང་གི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་ཚུ་ དམངས་རྩིས་ཚོགས་ཆུང་གི་ཁྲི་འཛིན་ སྤུ་ན་ཁ་ དཀར་སྦྱིས་རྟ་ལོག་གི་འཐུས་མི་ རྡོ་ཕུག་འབྲུག་པ་གིས་ ཚོགས་ཁང་ནང་ སྙན་ཞུ་ཕུལ་ཡི།
ནང་སྲིན་བློན་པོ་ ཟླ་བ་རྒྱལ་མཚན་གྱིས་ ཞུ་མིའི་ནང་ ད་རེས་ དེ་བཟུམ་མའི་ གྲུབ་འབྲས་ལེགས་ལྡན་བྱུང་མི་དེ་ཡང་ རྐྱེན་ངན་འཛིན་སྐྱོང་གི་གཙོ་འཛིན་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ རྒྱབ་སྐྱོར་ལུ་བརྟེན་ཨིན་ཟེར་ཨིན་པས།
ཚོགས་ཆུང་གིས་ གྲོས་འདེབས་དེ་ཡང་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་དེ་ ལས་ཁུངས་གཙོ་བོ་ཅིག་ཨིནམ་ལས་ བརྟན་པོ་མེད་པའི་ རྐྱེན་ངན་གྱི་ རང་གཤིས་དེ་ ངོས་ལེན་འབད་ནི་དང་ གནོད་ཉེན་ཚུ་ འཛིན་སྐྱོང་འཐབ་ནིའི་དོན་ལུ་ རྐྱེན་ངན་འཛིན་སྐྱོང་བཅའ་ཁྲིམས་༢༠༡༣ ཅན་མ་ ལག་ལེན་ཚུལ་བཞིན་འཐབ་དགོཔ་ད་ འཛིན་སྐྱོང་གི་དོན་ལུ་ ཡུན་བརྟན་བློ་གཏད་མ་དངུལ་ གཞི་བཙུགས་འབད་ནི་གི་ འགོ་འདྲེན་འཐབ་དགོ་པའི་ གྲོས་འདེབས་ཕུལ་ནུག།
གྲོས་འདེབས་ཐོག་ལུ་ བར་མཚམས་གཤོང་ཕུག་གི་འཐུས་མི་ དབང་འདུས་ནོར་བུ་གིས་ ཞུ་མིའི་ནང་ གལ་སྲིད་ རྐྱེན་ངན་འཛིན་སྐྱོང་གི་དོན་ལུ་ ཡུན་བརྟན་བློ་གཏད་མ་དངུལ་ གཞི་བཙུགས་འབད་བ་ཅིན་ གཞུང་གིས་ འཆར་དངུལ་ཚུ་ ལག་ལེན་འཐབ་ད་ བྱ་སྟབས་མ་བདེཝ་ འབྱུང་ནི་གི་ཉེན་ཁ་ཡོད་པའི་ཁར་ འཆར་དངུལ་ལམ་ལུགས་ནང་ དཀའ་ངལ་འབྱུང་ནིའི་ གོ་སྐབས་ཡོདཔ་ལས་ ལོགས་སུ་སྦེ་ བློ་གཏད་མ་དངུལ་ཅིག་ གཞི་བཙུགས་འབད་དགོཔ་ཅིག་ མ་མཐོང་ཟེར་ཨིན་པས།
དེ་བཟུམ་སྦེ་ མཁར་གཡུ་རུང་གི་འཐུས་མི་ བཟང་ལེགས་འབྲུག་པ་གིས་ ཞུ་མིའི་ནང་ རྐྱེན་ངན་འཛིན་སྐྱོང་གི་དོན་ལུ་ བློ་གཏད་མ་དངུལ་ གཞི་བཙུགས་འབད་དགོ་པའི་ གྲོས་འདེབས་ཕུལ་མི་ལུ་ ཚ་གྱང་སྦོམ་སྦེ་ར་ ལང་དགོཔ་བྱུང་ཡི་ཟེར་ཨིནམ་ད་ གལ་སྲིད་ གཞི་བཙུགས་འབད་བ་ཅིན་ སྲིད་བྱུས་བཟོ་དགོཔ་ མིན་འདུག་ག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ ལས་ཁུངས་ནང་ དེ་བཟུམ་མའི་ བློ་གཏད་མ་དངུལ་ གཞི་བཙུགས་འབད་བ་ཅིན་ ལས་ཁུངས་གཞན་ཚུ་གིས་ མཁོ་འདོད་བཀོད་ནི་མས་ཟེར་ཨིན་པས།
དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ ཞུ་མིའི་ནང་ གཞུང་གི་ཁ་ཐུག་ལས་ གསོག་འཇོག་གི་ མ་དངུལ་དེ་ ཧེ་མ་ལས་བཞག་སྟེ་ཡོདཔ་ལས་ བློ་གཏད་མ་དངུལ་ཚུ་ གཞི་བཙུགས་འབད་དགོཔ་ཅིག་ མ་མཐོངམ་ལས་ གཞུང་གི་ཧོངས་ལས་ རྒྱབ་སྐྱོར་ཕུལ་ མི་ཚུགས་པས་ཟེར་ཨིན་པས།
ཨིན་རུང་ ཚོགས་ཆུང་གིས་ཕུལ་མི་དེ་ ཆ་འཇོག་འགྲུབ་ནིའི་དོན་ལུ་ འཐུས་མི་ཚུ་གི་བར་ན་ ལགཔ་སེང་པའི་སྐབས་ འཐུས་མི་མང་ཤོས་ཅིག་གིས་ གྲོས་འདེབས་དེ་ལུ་ རྒྱབ་སྐྱོར་མེདཔ་ལས་ ཆ་མེད་བཏང་ཡི།
གཞུང་གིས་ ཞུ་མིའི་ནང་ རྩིས་ལོ་༢༠༡༧-༢༠༡༨ ལོ་ནང་ རྒུད་འཐུས་ དངུལ་ཀྲམ་ས་ཡ་༢༢༥ བགོ་བཀྲམ་འབད་དེ་ཡོདཔ་ལས་ ལོགས་སུ་སྦེ་ བློ་གཏད་མ་དངུལ་ གཞི་བཙུགས་འབད་དགོཔ་མེད་པའི་ བསམ་འཆར་ ཞུ་ཡི།
ཀྲོང་གསར་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ མཐར་ཕྱིན་གྱིས་ ཞུ་མིའི་ནང་ རྐྱེན་ངན་ཐོན་པའི་སྐབས་ ས་ཁོངས་ནང་ ཧེ་མ་ར་ ཁྲིམས་སྲུང་འགག་པ་ཚུ་ ལྷོད་དོ་ཡོདཔ་ལས་ གཞུང་གི་ཁ་ཐུག་ལས་ འགག་པ་ཚུ་ལུ་ ཉེན་སྲུང་ཐབས་རིག་གི་ ཁྱད་རིག་གོང་འཕེལ་གཏང་དགོ་པའི་ གྲོས་འདེབས་ཕུལ་ཡོད་རུང་ ངོས་ལེན་ཐོབ་མ་ཚུགས།
རྩིས་ཞིབ་དབང་འཛིན་གྱིས་ རྐྱེན་ངན་འཛིན་སྐྱོང་གིས་ བཅའ་ཁྲིམས་ཀྱི་ གལ་ཆེ་བའི་དགོངས་དོན་ལུ་ མ་གནས་པའི་ཁར་ ལས་སྡེ་ཚུ་གི་བར་ན་ དོན་སྨིན་ཅན་གྱི་ འབྲེལ་མཐུན་མེད་པའི་ཁར་ གནོད་ཉེན་གྱི་ས་ཁྲ་དང་ ཉེན་ཅན་བརྟག་ཞིབ་ཀྱི་ སྙན་ཞུ་མེདཔ་བཞིན་དུ་ གནས་སྡུད་གཞི་བཞག་གི་ རིམ་ལུགས་ལྟེ་བ་མེད་པའི་ ཤེས་རྟོགས་བྱུང་ནུག།
དེ་མ་ཚད་ རྫོང་དང་ མི་མང་སྒྲིག་ཁྱིམ་ཚུ་ནང་ མེ་རྐྱེན་ཉེན་སྲུང་གི་ ཐབས་ལམ་ལངམ་སྦེ་མེད་པ་དང་ ཚབས་རྡོལ་ལག་ལེན་ལྟེ་བ་ གཞི་བཙུགས་མ་འབད་མི་ མ་དངུལ་གྲ་སྒྲིག་ དེ་ལས་ ལས་འགུལ་འཛིན་སྐྱོང་ཚུ་ནང་ མ་དངུལ་མ་ལངམ་དང་ ཆད་ལུས་ཚུ་ཡོད་མི་ལུ་བརྟེན་ རྩིས་ཞིབ་དབང་འཛིན་གྱིས་ གྲོས་འདེབས་ཕུལ་ཡོདཔ་ཨིན་པས།
གྲོས་འདེབས་ཚུ་ རྐྱེན་ངན་འཛིན་སྐྱོང་བཅའ་ཁྲིམས་༢༠༡༣ ཅན་མའི་ དགོངས་དོན་ཚུ་ བསྟར་སྤྱོད་འབད་དགོ་པའི་ ངེས་བརྟན་བཟོ་དགོཔ་ད་ རྐྱེན་ངན་འཛིན་སྐྱོང་ཐབས་བྱུས་ཀྱི་ གཞི་བཀོད་ཅིག་བཟོ་དགོ་པའི་ཁར་ བརྡ་དོན་ཚུ་ དུས་མཐུན་རྒྱུན་སྐྱོང་འབད་དགོཔ་ཚུ་ཨིན་པས།
དེ་བཟུམ་སྦེ་ ནང་འཁོད་ལས་སྡེ་ ཡང་ཅིན་ སྡེ་ཕྲན་ཚུ་གི་བར་ན་ དོན་སྨིན་ཅན་གྱི་ རྐྱེན་ངན་འཛིན་སྐྱོང་འགོ་འདྲེན་འཐབ་ཐངས་ཀྱི་ ལམ་ལུགས་ཅིག་ གཞི་བཙུགས་འབད་དགོཔ་ད་ འཛིན་སྐྱོང་གྲ་སྒྲིག་གི་སྐོར་ལས་ ཞིབ་འཇུག་ཡོངས་རྫོགས་སྦེ་ འགོ་འདྲེན་འཐབ་དགོཔ་མ་ཚད་ རྐྱེན་ངན་འཛིན་སྐྱོང་གྱི་དོན་ལུ་ མ་དངུལ་གྱི་ ཐབས་ཤེས་གཞན་ འཚོལ་དགོ་པའི་ གྲོས་འདེབས་༡༡ ཕུལ་ནུག།
རྩིས་ཞིབ་དབང་འཛིན་གྱིས་ཕུལ་མིའི་ གྲོས་འདེབས་ཚུ་ ཚོགས་ཆུང་གི་ ཞིབ་རྟོག་འབད་བའི་སྐབས་ ལས་ཁུངས་ཀྱིས་ གྲོས་འདེབས་ག་ར་ ལག་ལེན་འཐབ་ཡོད་པའི་ ཤེས་རྟོགས་བྱུང་ཡི་ཟེར་ རྐྱེན་ངན་འཛིན་སྐྱོང་གི་ ལས་འབྲེལ་རྩིས་ཞིབ་ སྙན་ཞུ་ནང་ བཀོད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བསླབ་སྟོན་པ་གཞི་བཙུགས་ཐོག་ སྔོན་འགོག་གི་ཐབས་ལམ་བཏོན་དགོཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཞུགས་སྐབས་ ཤེས་རིག་བློན་པོ་ ཇའེ་བིར་རའེ་གིས་ ཤེས་རིག་བཟའ་ཚང་དེ་ར་ སྦོམ་ཨིན་ནི་དེ་གིས་ བྱ་སྟབས་མ་བདེ་བའི་དཀའ་ངལ་དང་ གདོང་ལེན་ཐོན་རུང་ ན་གཞོན་ཚུ་ མ་འོངས་པའི་བདོག་གཏད་དང་ འགོ་ཁྲིདཔ་ཨིནམ་ལས་ སྔོན་འགོག་ཐབས་ལམ་དང་ ལཱ་ …

Leave a Reply

Your email address will not be published. Required fields are marked *