དམངས་གཙོའི་རིང་ལུགས་ནང་ མི་མང་གི་ གྲལ་གཏོགས་གལ་ཆེཝ།

༉ འབྲུག་རྒྱལ་ཁབ་ཀྱི་ སྤྱི་ཚོགས་༣ པའི་རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་འགོ་འདྲེན་འཐབ་ནི་གི་ དུམ་ཁ་དཔགཔ་དང་འབྲེལ་ དམངས་གཙོའི་རིང་ལུགས་ཀྱི་སྐོར་ ལོ་རྒྱུས་དུམ་གྲ་རེ་སླབ་ནི་ འགོ་བཙུགས་པའི་ མཐོང་གསལ་བྱུངམ་མས།
དེ་མིན་ བཙག་འཐུའི་བྱ་རིམ་ མཇུག་བསྡུ་བའི་བསྒང་ལས་ མི་སེར་ལོས་ཀྱང་ ཐ་ན་ སྲིད་དོན་པ་ཚུ་གིས་ དམངས་གཙོའི་རིང་ལུགས་ནང་ གྲོས་བསྡུར་གངམ་འབད་ནི་མེད་མི་དེ་ཡང་ མི་མང་གི་ སྣང་བ་ལུ་ དམངས་གཙོ་ཟེར་མི་དེ་ ལོ་༥ གི་རྒྱབ་ལས་ ཚོགས་རྒྱན་ཚར་རེ་ བཙུགས་མི་ལུ་ གོ་བ་ལེན་ནི་དེ་གིས་ཨིན་མས།
འཛམ་གླིང་རྒྱལ་ཁབ་གཞན་བཟུམ་སྦེ་ འབྲུག་ལུ་ རྩ་ཁྲིམས་ཅན་གྱི་ དམངས་གཙོའི་གཞུང་ལུགས་ ང་བཅས་རའི་ དྲིན་ཅན་གྱི་ཕམ་དང་ བཀྲིན་ཅན་གྱི་རྒྱལཔོ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ ལེགས་ལྡན་གཞུང་སྐྱོང་ཡར་དྲག་གཏང་ཐབས་ལུ་ གཞི་བཙུགས་གནང་ཡོདཔ་ད་ འབྲུག་གི་དམངས་གཙོའི་རིང་ལུགས་དེ་ མི་སེར་ཚུ་གིས་ ཚོགས་རྒྱན་བཙུགས་ནི་དང་ སྲིད་ཚོགས་ཀྱི་ མཐའ་དོན་དང་ འཕྲལ་གྱི་ཁེ་ཕན་ལུ་བལྟ་མི་ སྲིད་དོན་པ་ཚུ་གི་ཁ་ཐུག་ལས་ ཚོགས་རྒྱན་སྐྱུར་མི་ཚུ་ ལྷུ་ཞིནམ་ལས་ ཚོགས་རྒྱན་ལྷང་ནིའི་དོན་ལུ་མེན་པའི་སྐོར་ མི་མང་ལུ་ ཤེས་རྟོགས་བྱུང་དགོཔ་དེ་ ག་ནི་བ་གལ་ཆེ།
འདི་བཟུམ་མའི་ མནོ་ལུགས་ཡོད་མི་དེ་ འདས་པའི་བདུན་ཕྲག་ནང་ ཐིམ་ཕུག་ལུ་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ གཞི་བཙུགས་འབད་དེ་ ལོ་ངོ་བཅུ་ཕྲག་ལང་མི་དང་བསྟུན་ འབྲུག་པའི་དམངས་གཙོའི་རིང་ལུགས་ཀྱི་ གནས་སྟངས་སྐོར་ གྲོས་བསྡུར་ལས་རིམ་ཅིག་ འགོ་འདྲེན་འཐབ་མི་ལས་ མངོན་གསལ་བྱུང་ཡི།
གྲོས་བསྡུར་ལས་རིམ་དེ་ནང་ ད་རེས་ནངས་པར་ ཐོ་བཀོད་ཅན་གྱི་ སྲིད་དོན་ཚོགས་པ་༤ ཡོད་མིའི་ ངོ་ཚབ་ཚུ་གིས་ ང་བཅས་རའི་ དམངས་གཙོའི་རིང་ལུགས་འདི་ ཚུལ་ལྡན་ལམ་ཕྱོགས་ནང་ ཞུགས་ནི་ལུ་ སྲིད་ཚོགས་དང་ སྲིད་དོན་པ་ཚུ་གི་ རྒྱུད་བསྐུལ་དང་ ཁས་བླངས་རྫུན་མ་ཚུ་ལུ་བརྟེན་ བར་ཆད་རྐྱབ་དོ་ཡོད་པའི་ ཚོར་སྣང་བྱུང་དོ་བཟུམ་སྦེ་བསམ་བཤད་འབད་ཡི།
ལ་ལོ་གིས་འབད་བ་ཅིན་ སྲིད་དོན་པ་ཚུ་ལུ་བརྟེན་ མི་སྡེ་དང་ བཟའ་ཚང་ཚུ་ ཁ་འཕྱལ་བཏང་སྟེ་ དགྲ་བྱང་ཕྱད་བཟུམ་སྦེ་ བཟོ་དོ་ཡོད་མི་དེ་གིས་ གྲོང་གསེབ་དང་ ས་གནས་གཞུང་གི་ གནས་རིམ་ནང་ གྲོས་ཐག་བཅད་ནི་གི་ ལས་སྣ་ཚུ་ནང་ མི་མང་གིས་ གྲལ་གཏོགས་འབད་ནི་ལས་ འཛེམ་སྡོད་དགོ་པའི་ གནས་སྟངས་ནང་ཡང་ ཐུགཔ་ཨིན་མས་ཟེར་ཨིན་མས།
མནོ་ལུགས་འདི་བཟུམ་ཡོད་མི་དེ་གིས་ སྲིད་དོན་ཚོགས་པ་དང་ སྲིད་དོན་པ་ཚུ་གི་ མིང་གཏམ་མེདཔ་བཏངམ་མ་ཚད་ དམངས་གཙོའི་རིང་ལུགས་ནང་ གནད་འགག་ཅན་ཅིག་ཨིན་མི་ མི་མང་གི་ བློ་གཏད་དང་ ཡིད་ཆེས་མེདཔ་ འགྱོ་མི་དེ་ཡང་ གནད་དོན་དེ་ལུ་བརྟེན་ཨིན་པའི་ གསལ་སྟོན་འབདཝ་མས།
དམངས་གཙོའི་རིང་ལུགས་ཀྱི་ གཞི་རྩ་དེ་ར་ རྒྱལ་ཁབ་ནང་ མི་སེར་ཚུ་ དབྱེ་ཁག་ཕྱེ་ནི་མེན་པར་ གཅིག་སྒྲིལ་དང་ གཅིག་མཐུན་ མཐུན་ལམ་གོང་འཕེལ་བཏང་སྟེ་ བཟའ་ཚང་གཅིག་གི་ ནང་མི་བཟུམ་སྦེ་ སྡོད་ནི་ཡོདཔ་ བཟོ་ཐབས་ལུ་ཨིནམ་བཞིན་དུ་ སྲིད་དོན་ཚོགས་པ་ཚུ་གི་ ཁ་ཐུག་ལས་འབད་རུང་ རང་སོའི་ཁས་བླངས་གསལ་བསྒྲགས་ མ་འདྲཝ་དང་ ཚོགས་རྒྱན་བཙུགས་མི་ཚུ་གི་ སེམས་ལྷུ་ཚུགསཔ་འབད་ནི་དེ་ཨིན་རུང་ མཐར་ཐུག་གི་དམིགས་དོན་དེ་ རྒྱལ་ཁབ་ཀྱི་ རང་བཙན་སྲུང་སྐྱོབ་དང་ མི་སེར་གྱི་ མཐའ་དོན་འགྲུབ་ཐོག་ལས་ ཕུན་སུམ་ཚོགས་ཏོག་ཏོ་སྦེ་གནས་ཚུགསཔ་ བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་དགོཔ་ཨིན།
གཅིག་མཐུན་གྱི་ དམིགས་དོན་འགྲུབ་ཐབས་ལུ་ མི་སེར་ཚུ་གིས་ཡང་ ཚོགས་རྒྱན་བཙུགས་པའི་སྐབས་ རང་སོའི་ཐོབ་དབང་སྤྱོད་ནི་རྐྱངམ་གཅིག་གིས་མ་དོ་བར་ གོང་འཕེལ་དང་ ཐག་བཅད་ཀྱི་ བྱ་རིམ་ཚུ་ནང་ བཅའ་མར་གཏོགས་ཐོག་ལས་ དམངས་གཙོའི་རིང་ལུགས་ ནུས་ཤུགས་ཅན་བཟོ་དགོ།
དམིགས་ཡུལ་ཚུ་ འགྲུབ་ནིའི་དོན་ལུ་ སྲིད་དོན་ཚོགས་པ་ཚུ་གིས་ བཙག་འཐུའི་སྐབས་ དོ་འགྲན་འབདཝ་ད་ གཅིག་གིས་གཅིག་ལུ་ བརྙས་བཅོས་དང་ སྐྱོན་བརྗོད་ དམའ་ཕབ་རྐྱབ་ནི་མེན་པར་ གུས་ཞབས་དང་ བརྩི་མཐོང་བསྐྱེད་དེ་ མི་སྡེའི་མཐུན་ལམ་དང་ བློ་གཏད་ཡིད་ཆེས་ ཡར་དྲག་གཏང་ནི་ལུ་ འབད་རྩོལ་བསྐྱེདཔ་དང་གཅིག་ཁར་ དམངས་གཙོའི་རིང་ལུགས་ནང་ ཚོགས་རྒྱན་སྐྱུར་མི་དང་ ན་གཞོན་ཕོ་མོ་ཚུ་གི་ འགན་ཁུར་དང་ ཐོབ་དབང་ དེ་ལས་ གྲལ་གཏོགས་འབད་དགོཔ་ ཁག་ཆེ་བའི་སྐོར་ གོ་བརྡ་སྤྲོད་ནི་དང་ གྲོས་བསྡུར་ལས་རིམ་ཚུ་ འགོ་འདྲེན་འཐབ་དགོཔ་འདུག།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *