དམངས་གཙོའི་རིང་ལུགས་ཀྱི་ བྱ་སྒོ་ལེགས་ཤོམ་འགྱོ་བའི་བརྡ་མཚོན།

༉ ད་རེས་ནངས་པར་ འབྲུག་མི་ཚུ་གིས་ གཞལམ་སྒང་གི་ གནད་དོན་སྐོར་ལས་ སྦ་གསང་མེད་པར་ གྲོས་བསྡུར་འབད་མི་ལུ་ བལྟ་བ་ཅིན་ གནད་དོན་དེ་བསལ་རུང་ མི་ཚུ་གི་ སེམས་ཁ་ལས་ འཇམ་ཏོང་ཏོ་སྦེ་ བརྗེད་མི་ཚུགས་ནི་བཟུམ་མཐོངམ་མས།
དེ་ཡང་ གཞུང་གི་ཁ་ཐུག་ལས་ ལྟ་བཤལ་གོང་འཕེལ་གྱི་དོན་ལུ་ དམིགས་བསལ་ལས་རིམ་ནང་ གཞལམ་སྒང་རྫོང་ཁག་གི་ཚབ་ལུ་ གསར་སྤང་བཙུགས་མིའི་ གྲོས་ཆོད་ལུ་ འགྱུར་ལྡོག་མེདཔ་སྦེ་ ཐུགས་ཐག་བཅད་ཡོདཔ་བཞིན་དུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ གཞུང་གི་གྲོས་ཆོད་དེ་ ཁྲིམས་མཐུན་ཡོད་པའི་ རྒྱབ་ཁུངས་དང་སྦྲགས་ རྒྱུ་མཚན་བཀོད་དེ་ གཞུང་ལུ་ཕུལ་ནུག།
ཨིན་རུང་ རྒྱལ་ཡོངས་ཚོགས་སྡེ་དང་ ལྡོག་ཕྱོགས་ཚོགས་པ་ དེ་ལས་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་གྱིས་ ཁྲིམས་ཀྱི་གོ་དོན་སོ་སོར་ལེན་ཏེ་ གཞུང་གི་ཧོངས་ལས་ རྩ་ཁྲིམས་ཆེན་མོ་དང་ འཆར་དངུལ་བཅའ་ཁྲིམས་ དམངས་རྩིས་བཅའ་ཁྲིམས་ལ་སོགས་པའི་ དགོངས་དོན་ཚུ་ལས་ འགལ་ཡོདཔ་སྦེ་ར་ རྡོགཔ་དྲེགས་སྡོདཔ་ཨིན་མས།
གཞལམ་སྒང་གི་ གནད་དོན་དེ་ སྲིད་ཀྱི་དབང་ལུ་ ཐལ་ཡོདཔ་དང་ ཁྲིམས་ལུ་མ་གུས་པའི་ སྐྱོན་བརྗོད་འབད་བའི་ཁར་ འཛིན་སྐྱོང་དང་ སྤྱི་ཚོགས་ཀྱི་ དབང་ཚད་ཚུ་ལུ་ དྲི་བཀོད་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ད་རེས་འབདཝ་ད་ མི་སྡེ་དང་ དམངས་གཙོའི་རིང་ལུགས་ཀྱི་ གཙུག་སྡེ་ཚུ་གིས་ བསམ་འཆར་བརྗེ་སོར་འབད་མི་ཚུ་ལུ་བལྟཝ་ད་ དམངས་གཙོའི་བྱ་རིམ་སྐོར་ ཤེས་རྟོགས་ཡོད་པའི་ བརྡ་མཚོན་སྟོནམ་མས།
གཞལ་སྒང་གི་སྐོར་ལས་ མི་སྡེ་བརྒྱུད་ནང་ བསམ་འཆར་འདྲ་མིན་སྣ་ཚོགས་བཀོད་ཡོདཔ་བཞིན་དུ་ ང་བཅས་ཀྱིས་ཡང་ གཞུང་གི་གྲོས་ཆོད་ཀྱི་ ཕན་གནོད་ཚུ་ལུ་ བསམ་ཞིབ་འབད་དགོཔ་ བྱུངམ་ཨིན་མས།
མ་གཞི་ ལྟ་བཤལ་གོང་འཕེལ་ལས་རིམ་དང་ འཆར་དངུལ་ཐེར་འབུམ་༡ བཞག་ཡོད་མི་ལས་ དངུལ་ཀྲམ་ས་ཡ་༡༡ རྫོང་ཁག་ཅིག་ནང་ བགོ་བཀྲམ་འབད་མི་དེ་ རྩོད་རྙོགས་ཅན་ཅིག་ལུ་ གྱུར་ཡོད་རུང་ དམངས་གཙོའི་གཙུག་སྡེ་ཚུ་གི་ འཐུས་མི་ཚུ་གི་ ནང་འཁོད་ལུ་ དམངས་གཙོའི་རིང་ལུགས་ཀྱི་ ཐོབ་དབང་དང་ དལ་དབང་སྐོར་ལས་ རྩོད་འགྲན་འབད་ནི་ འགོ་བཙུགས་ཡོད་མི་དེ་ལེགས་ཤོམ་ཅིག་ཨིན་མི་དེ་ཡང་ འདི་བཟུམ་མའི་ གྲོས་བསྡུར་འབདཝ་ད་ སྲིད་དོན་གྱི་ བྱ་རིམ་ཚུ་ནང་ ང་བཅས་རའི་ འགན་ཁུར་ག་ཅི་ར་ཡོདཔ་ཨིན་ན་ ཤེས་རྟོགས་ཡོདཔ་ བཟོ་ཚུགས་པའི་ ཁེ་ཕན་ཡོདཔ་ཨིན།
རྩ་ཕན་ཚུ་གིས་ རང་སོའི་བདེན་ཁུངས་བཟང་སྟེ་ སྡོད་མི་ལུ་བརྟེན་ བདེན་རྫུན་ཕྱེ་མ་ཚུགས་པའི་ གནས་སྟངས་ཅིག་ནང་ ལྷོད་དོ་ཡོདཔ་ལས་ མཇུག་མཐའན་མཇུག་ལུ་ ཁྲིམས་ཀྱི་དོན་འགྲེལ་གྱི་དོན་ལུ་ ཁྲིམས་ཀྱི་འདུན་སར་ ལྷོད་ནི་བཟུམ་ཡོད་མི་དེ་ཡང་ ཁྲིམས་ཀྱི་རིང་ལུགས་ གོང་ལུ་བཀུར་ནི་དང་ རྩ་ཁྲིམས་ཆེན་མོ་གཞི་འཛིན་དང་ དེའི་དོན་འགྲེལ་མཐའ་གཅོད་ཀྱི་ དབང་འཛིན་སྦེ་ གཞི་བཙུགས་འབད་དེ་ཡོད་མི་ལུ་བརྟེན་ཨིན།
མི་སེར་གྱི་ འགན་དབང་ཡོད་མི་ གཞུང་སྐྱོང་ཚོགས་པ་ལུ་ གཞུང་གི་གྲོས་ཆོད་ག་ཅི་ར་བཏོན་རུང་ དེ་གིས་ མི་སེར་ཚུ་ལུ་ ཕན་ཐོགས་དགོཔ་ཨིནམ་ ཤེས་རྟོགས་ཡོད་མི་ལུ་བརྟེན་ ལྡོག་ཕྱོགས་དང་ རྒྱལ་ཡོངས་ཚོགས་སྡེ་གིས་ ཚ་གྱང་ཡོད་ལུགས་ བཤད་མི་ལུ་ ངོས་ལེན་ཐོག་ གྲོས་བསྡུར་གྱི་དོན་ལུ་ མགྲོན་བརྡ་ཡང་གནང་ནུག།
མ་གཞི་ ཁྲིམས་ཀྱི་འདུན་སར་ ཐུག་ནི་དེ་ ཐབས་ཤེས་མཇུག་ཨིན་རུང་ མི་སེར་གྱི་ སྐུ་ཚབ་སྦེ་ འབྲེལ་འཛིན་འབད་མི་ སྤྱི་ཚོགས་ཀྱི་ འཐུས་མི་ག་ར་འཛོམས་ཐོག་ལས་ གཞལམ་སྒང་གི་ རྩོད་དོན་སྐོར་ གྲོས་བསྡུར་ཞིབ་པར་ གནང་དགོཔ་དེ་ གལ་ཆེ་མི་དེ་ཡང་ གཙུག་སྡེ་སོ་སོའི་ ངོ་རྐྱང་ཚུ་གིས་ རང་གི་རྒྱབ་ཁུངས་དེ་ལུ་ གཞི་བཟུང་སྟེ་ སྡོད་པ་ཅིན་ གོང་འཕེལ་ལས་རིམ་དང་ འཆར་གཞི་ལས་སྣ་ཚུ་གིས་ མི་སེར་ཚུ་ལུ་ ཕན་ཐོགས་དགོཔ་ཨིན་རུང་ ཕན་ཐོགས་མེདཔ་ འགྱོ་ནི་གི་ ཉེན་ཁ་སྦོམ་ཡོད།
འདི་འབདཝ་ལས་ གནད་དོན་དེ་ སྲིད་ཀྱི་དབང་ལུ་ ཐལ་བ་ཅིན་ རྫོང་ཁག་ ཡང་ཅིན་ ལུང་ཕྱོགས་ ཡང་ཅིན་ གཞུང་ལུ་ཕན་ཁྱད་འབྱུང་མི་ཚུགས། གཞུང་གི་ཁ་ཐུག་ལས་ མི་སེར་གྱི་ རེ་འདོད་འགྲུབ་མ་ཚུགས་པ་ཅིན་ གཞུང་སྐྱོང་དེ་ ཡུན་རིངམོ་སྦེ་ གནས་མི་ཚུགས།
ག་འཆརཔ་ཟེར་བ་ཅིན་ དམངས་གཙོའི་རིང་ལུགས་དང་ གཞུང་བཙག་འཐུ་འབད་ནིའི་ དབང་ཚད་དེ་ མི་སེར་གྱི་ལག་པར་ཡོདཔ་ལས་ གྲོས་ཐག་ག་ཅི་བཟུམ་བཅད་རུང་ དེ་གི་བྱ་རིམ་སྐོར་ མི་སེར་ཚུ་གིས་ ཧ་གོ་དགོཔ་དེ་ ག་ནི་བ་ གལ་ཆེ།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *