དམངས་གཙོ་ཚོགས་པའི་ འདེམས་ངོ་བགྲེསཔ་གིས་ རྒྱལ་ཡོངས་ཚོགས་སྡེ་ནང་ དོ་འགྲན།

༉ སྤྱི་ལོ་༢༠༡༣ ལུ་ དགྲ་མེད་སྔ་ཚང་འདེམས་ཁོངས་ལས་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་སྦེ་ བཅའ་མར་གཏོགས་མི་ ཚེ་རིང་རྡོ་རྗེ་གིས་ ད་རེས་ མོང་སྒར་ལྕགས་སི་མཁར་ལས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ དོ་འགྲན་འབད་ནི་ཨིན་པས།
སྤྱི་ལོ་༢༠༡༣ གྱི་ བཙག་འཐུ་མཇུག་བསྡུ་ཞིནམ་ལས་ འདེམས་ངོ་གིས་ ཐིམ་ཕུག་ལུ་ཡོད་པའི་ བྷུ་ཊཱན་ ཨེ་ཊུ་ཛེཊ་གྲོས་སྟོན་གྱི་ སྒེར་སྡེ་ཅིག་ནང་ ཚོང་འབྲེལ་འགོ་དཔོན་སྦེ་ ལཱ་འབད་ནུག།
ཡ་ག་ར་ཕུང་ཤིང་ལས་ཨིན་མི་ འདེམས་ངོ་དེ་གིས་ སྤྱི་ལོ་༢༠༡༡ ལུ་ རྒྱ་གར་ བྷ་དེ་ཡར་གཙུག་ལག་སློབ་སྡེ་ལས་ ཚོང་རིག་འཛིན་སྐྱོང་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ གྲོས་སྟོན་གྱི་ ལཱ་འབད་བའི་སྐབས་ མི་སྡེ་དཔལ་འབྱོར་གོང་འཕེལ་དང་ རང་བཞིན་གནས་སྟངས་དང་འབྲེལ་བའི་ ལས་འགུལ་མང་རབས་ཅིག་ནང་ ལཱ་འབད་ནིའི་གོ་སྐབས་ཐོབ་ཅི་ཟེར་ཨིན་པས།
ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་མི་དེ་ཡང་ མི་སྡེའི་དཀའ་ངལ་ཚུ་ ཧ་གོ་སྟེ་ཡོད་མི་ལུ་བརྟེན་ སེལ་ཐབས་འབད་ནི་ཨིནམ་མ་ཚད་ ཚོགས་སྡེའི་ལཱ་འགན་དེ་ལུ་ དགའ་ནི་དེ་གིས་ཨིན་ཟེར་ཨིན་པས།
བསྐྱར་ཞིབ་ཀྱི་ཚོགས་ཁང་ཅིག་འབདཝ་ལས་ སྲིད་བྱུས་དང་སྒྲིག་གཞི་ཚུ་ བསྐྱར་ཞིབ་འབད་ནི་དང་ གཞུང་གིས་ འགོ་འདྲེན་འཐབ་མི་ ཁྲིམས་དང་ སྲིད་བྱུས་ཚུ་ དགག་བཤེར་དང་ཚད་ཉམས་ཀྱི་སྒོ་ལས་ ལེགས་ཤོམ་སྦེ་ རྒྱུན་སྐྱོང་འཐབ་ནི་ཨིན་ཟེར་ཨིན་པས།
ཁོ་ལུ་ ཚོང་རིག་ནང་ མཐོ་རིམ་ཤེས་ཚད་ཡོདཔ་ལས་ ཁོ་གིས་ གྲོང་གསེབ་ཚོང་འབྲེལ་གོང་འཕེལ་དང་ སོ་ནམ་དང་འབྲེལ་བའི་ ཚོང་འབྲེལ་ནང་ དང་འདོད་སྦོམ་སྦེ་ར་ ཡོད་ཟེར་ཨིན་པས།
ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ གལ་སྲིད་ ཁོ་གིས་ བཙག་འཐུ་གྲུབ་སོང་པ་ཅིན་ མི་སྡེ་དཔལ་འབྱོར་གོང་འཕེལ་དང་ སོ་ནམ་ མི་སྡེའི་གནས་ཚད་ཀྱི་ ཚོང་འབྲེལ་ཆུང་བ་དང་འབྲེལ་བའི་ སྲིད་བྱུས་བསྐྱར་ཞིབ་འབད་ནི་ལུ་ གཙོ་རིམ་བཟུང་ནི་ཨིནམ་མ་ཚད་ ན་གཞོན་ལཱ་གཡོག་ མ་ཐོབ་པའི་དཀའ་ངལ་དང་ གྲོང་གསེབ་ལས་ ཁྲོམ་ཁར་གནས་སྤོ་འོངམི་དང་ གུང་སྟོང་གི་ དཀའ་ངལ་སེལ་ནི་ལུ་གཙོ་བོར་བཏོན་ནི་ཨིན་པས།
ཁོ་གིས་ སྤྱི་ལོ་༢༠༡༣ ལུ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ནང་ བཅའ་མར་གཏོགས་མི་ལས་ དྭངས་སེལ་ཐོག་འབད་བ་ཅིན་ ཤེས་ཡོན་གྱི་ རྒྱབ་རྟེན་ག་ཅིག་ར་ཨིན་རུང་ དམིགས་ཡུལ་གཅིག་ཐོག་ལས་ ལཱ་འབད་དགོཔ་དེ་ ཁག་ཆེ་བས་ཟེར་ཨིན་པས།
ད་རེས་ ཚོགས་སྡེ་ལུ་བརྟེན་ མ་འོངས་པར་ རྒྱལ་ཁབ་ལུ་ ཕྱག་ཕྱི་གང་དྲག་ཞུ་ཐབས་ལུ་ ཤེས་ཡོན་དང་ རིག་རྩལ་ཚུ་ ཐོབ་ཚུགས་པའི་ རེ་བ་ཡོདཔ་ད་ ཚེ་རིང་རྡོ་རྗེ་གིས་ ད་རེས་ནངས་པར་ རྒེད་འོག་ཚུ་དང་ གོམས་འདྲིས་ལྟ་སྐོར་ འབད་བའི་བསྒང་ཡོདཔ་བཞིན་དུ་ ད་ཚུན་ རྒེད་འོག་༡༧ དེ་ཅིག་ ལྟ་སྐོར་འབད་ཚར་ཏེ་ ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *