དམག་སྲིད་འོགམ་ ཨྱོན་ནོར་བུ་གི་ སྒྲུབ་བྱེད་སྙན་གསན་ ནངས་པར་འབད་ནི།

༉ བསྟན་སྲུང་དྲག་པོའི་དམག་སྡེ་གི་ ཁྲིམས་འདུན་གྱིས་ བདེ་སྲུང་ཤོ་ཐེངས་༡༩ པ་ འགོ་འདྲེན་འཐབ་པའི་སྐབས་ དམག་སྲིད་འོགམ་ ཨྱོན་ནོར་བུ་གིས་ བདག་སྐྱོང་འགོ་དཔོན་སྦེ་ཕྱག་ཞུཝ་ད་ གཞུང་གི་དངུལ་ཀྲམ་༢༨༨,༧༣༤ ལོག་སྤྱོད་འབད་ཡོད་པའི་ ཉེས་འཛུགས་བཀལ་མི་དེ་ལུ་ ཁོ་གིས་ ངོས་ལེན་འབད་མ་བཏུབ།
དམག་སྡེའི་ཁྲིམས་འདུན་གྱིས་ ཆེ་མཐོ་ཁྲིམས་འདུན་ལུ་ བཤེར་ལན་ཕུལ་མིའི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་མི་དང་འཁྲིལཝ་ད་ དམག་སྲིད་འོགམ་ ཨྱོན་ནོར་བུ་གིས་ དངུལ་ཀྲམ་༤༠༨,༠༠༠ ལོག་སྤྱོད་འབད་ཡོདཔ་སྦེ་ ཐོན་ཡོད་རུང་ ཐོག་མའི་ཁྲིམས་འདུན་གྱིས་ ཞིབ་དཔྱད་འབད་བའི་སྐབས་ ཁོ་གིས་ དངུལ་ལོག་སྤྱོད་འབད་མི་དེ་ དངུལ་ཀྲམ་༢༨༨,༧༣༤ ལུ་ མར་བབས་སོང་ཡོདཔ་སྦེ་ ཨིན་པས།
དམག་སྡེའི་ཁྲིམས་རྩོདཔ་ ཀུན་དགའ་བསྟན་འཛིན་གྱིས་ དངུལ་ལོག་སྤྱོད་ཀྱི་ ཁ་གསལ་ཕུལ་མི་དང་འཁྲིལཝ་ད་ དམག་སྲིད་འོགམ་ ཨྱོན་ནོར་བུ་གིས་ གླེ་མོ་ཚོང་ཁང་ལས་ དངུལ་ཀྲམ་༧༠,༠༠༠ སི་ཏ་ཤ་ཁང་ལས་ དངུལ་ཀྲམ་༩༨,༠༠༠ རྡོ་རྗེ་མངར་རྫས་ལས་ དངུལ་ཀྲམ་༢༠,༠༠༠ དང་ སྒྲོལ་མ་ཚོང་ཁང་ལས་ དངུལ་ཀྲམ་༡༠༠,༠༠༠ ལོག་སྤྱོད་འབད་ནུག་ཟེར་ཨིན་པས།
དམག་སྲིད་འོགམ་ ཨྱོན་ནོར་བུ་གིས་ ཁྲིམས་འདུན་ལུ་ ཞུ་མི་དང་འཁྲིལཝ་ད ཁོ་གིས་ ཚོང་ཁང་༣ ནང་ རྩིས་སྙོམས་སྒྲིག་འབད་མི་དེ་ ངེས་བདེན་ཨིན་རུང་ སྒྲོལ་མ་ཚོང་ཁང་གི་ དངུལ་ཀྲམ་༡༠༠,༠༠༠ པོ་དེ་ རྩིས་སྒྲིག་མ་འབདཝ་མ་ཚད་ ཁོང་དང་གཅིག་ཁར་ འབྲེལ་བ་འཐབ་འཐབ་མེད་ཟེར་ ཞུ་ཡི།
སྒྲོམ་མ་ཚོང་ཁང་ནང་ རྩིས་སྙོམས་སྒྲིག་འབད་དགོཔ་སྦེ་ མ་སླབ་མ་ཚད་ ཚོང་ཁང་གི་ཇོ་བདག་གིས་ ཁོང་གི་ ཚོང་ཁང་གི་ རྩིས་ནང་ སྙོམས་སྒྲིག་འབད་འབདཝ་མེདཔ་སྦེ་ ཡིག་ཐོག་ལུ་ བྱིན་ཡོདཔ་སྦེ་ཨིན་པས།
དམག་སྡེའི་ཁྲིམས་རྩོདཔ་ ཀུན་དགའ་བསྟན་འཛིན་གྱིས་འབད་བ་ཅིན་ སྒྲོལ་མ་ཚོང་ཁང་གི་ དངུལ་ཀྲམ་༡༠༠,༠༠༠ པོ་དེ་ དམག་སྲིད་འོགམ་ ཨྱོན་ནོར་བུ་ལུ་ བཀལ་དགོ་མི་དེ་ཡང་ དཔལ་རྒྱབ་དབང་ཕྱུག་གིས་ རྩིས་སྒྲིག་དངུལ་ཀྲམ་༥༠,༠༠༠ ལས་༡༠༠,༠༠༠ གི་བར་ན་འབད་ཡོདཔ་སྦེ་ ངག་བརྗོད་བཀོད་མི་དང་འཁྲིལ་ཏེ་ བཀལ་ཡི་ཟེར་ཨིན་པས།
དམག་སྲིད་འོགམ་ ཨྱོན་ནོར་བུ་གིས་ ཞུ་མིའི་ནང་ ད་ལྟོ་ཚུན་ཚོད་ དམག་སྡེའི་ཁྲིམས་འདུན་གྱིས་ དངུལ་ལོག་སྤྱོད་འབད་ཡོད་པའི་ ཉེས་འཛུགས་བཀལ་ཡོད་རུང་ གནད་དོན་དེ་ ལོག་སྤྱོད་མེན་པར་ རྩིས་སྙོམས་སྒྲིག་འབད་འབདཝ་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དམག་སྡེ་ནང་འབད་བའི་བསྒང་ལས་ གོང་མའི་བཀའ་དང་འཁྲིལ་ཏེ་ ཕྱག་ཞུ་དགོཔ་འབད་ནི་དེ་གིས་ ཧེ་མ་བདེ་སྲུང་གི་ བདག་སྐྱོང་འགོ་དཔོན་ཚུ་གིས་འབད་མི་དང་ འགོ་དཔོན་གྱི་ བཀའ་དང་འཁྲིལ་ཏེ་ར་ ཕྱག་ཞུ་ཡི་ཟེར་ཨིན་པས།
ད་ལྟོ་ཚུན་ དེ་བཟུམ་མའི་ སྟབས་མ་བདེཝ་ཐོན་མི་དེ་ཡང་ བདེ་སྲུང་ལས་རིམ་གྱི་དོན་ལུ་ བྱ་སྒོའི་ལམ་ལུགས་ཅིག་ མེད་ནི་དེ་གིས་ སྟབས་མ་བདེཝ་བྱུང་ནུག་ཟེར་ཨིན་པས།
དམག་སྡེའི་ཁྲིམས་རྩོདཔ་གིས་འབད་བ་ཅིན་ བདེ་སྲུང་ལས་རིམ་གྱི་དོན་ལུ་ བྱ་སྒོའི་ལམ་ལུགས་མེད་དེ་འབད་རུང་ བདེ་སྲུང་ཤོ་ཐེངས་༢ པའི་ནང་བཟུམ་སྦེ་ ག་ཅི་མཁོ་སྒྲུབ་འབད་རུང་ ལག་བྲིས་ཅིག་ བཟོ་ཞིནམ་ལས་ འགོ་དཔོན་གྱི་ ས་ཡིག་ལེན་པ་ཅིན་ སྟབས་མ་བདེཝ་བྱུང་དགོཔ་ མིན་འདུག་ཟེར་ཨིན་པས།
ཨིན་རུང་ ཨྱོན་ནོར་བུ་གིས་ ཁྲིམས་འདུན་ལུ་ རྩིས་སྒྲིག་དེ་ ཅ་ཆས་༩ ལུ་འབད་ཡོདཔ་ལས་ དམག་སྡེའི་ཁྲིམས་རྩོདཔ་གིས་ ཁོ་གིས་ཕུལ་ཡོད་པའི་ རྩིས་བཱིལ་ནང་འཁོད་མི་ བཟའ་ཆས་ཚུ་ བདེ་སྲུང་སྦྱོང་བརྡར་སྐབས་ལུ་ བྱིན་མ་བྱིན་དང་ ག་དེམ་ཅིག་ བྱིན་ཡོདཔ་ཨིན་ནའི་ ཁ་གསལ་ཚུ་ ཁྲིམས་འདུན་ལུ་ ཕུལ་དགོཔ་སྦེ་ སླབ་ཡོདཔ་ཨིན།
དེ་མ་ཚད་ ཨྱོན་ནོར་བུ་གིས་ རྩིས་སྒྲིག་ག་དེ་སྦེ་ འབད་ཡོདཔ་ཨིན་ནའི་ ཁ་གསལ་ཚུ་ཡང་ ཁྲིམས་འདུན་ལུ་ ཕུལ་དགོཔ་སྦེ་ སླབ་ཅི།
རྩོད་དོན་འདི་གི་ སྒྲུབ་བྱེད་སྙན་གསན་དེ་ ནངས་པར་ འབད་ནི་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *