དམག་སྡེའི་ཁྲིམས་འདུན་གྱི་འཁྲུན་ཆོད་ ཆ་མེད་གཏང་དགོ་པའི་ ཞུ་བ་ཕུལ་ཡོདཔ།

༉ བསྟན་སྐྱོང་གླིང་དྲག་པོའི་དམག་སྦྱོང་ལྟེ་བའི་ནང་ བདེ་སྲུང་སྦྱོང་བརྡར་ལས་རིམ་སྐབས་ མ་དངུལ་ལོག་སྤྱོད་འབད་བའི་ ཉེས་ཁྲིམས་ཕོག་མི་ཚུ་གིས་ མཐོ་གཏུགས་འབད་མི་ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ སྤྱི་ཟླ་༡ པའི་ཚེས་༢༤ ལུ་ སྟ་གོན་སྙན་གསན་མཛདཔ་ད་ མཐོ་གཏུགས་པ་ ལིང་དཔོན་ཨོ་རྒྱན་ལྷུན་གྲུབ་ཀྱིས་ ལུང་བསྟན་ཕུག་དམག་སྡེའི་ ཁྲིམས་འདུན་གྱིས་གནང་མི་ འཁྲུན་ཆོད་དེ་ ཆ་མེད་བཏང་ཐོག་ལས་ ཁོང་ ལོག་སྒྲིག་གཡོག་ནང་ བཞག་དགོ་པའི་ ཞུ་བ་ཕུལ་ཡི།
ལིང་དཔོན་གྱིས་ ཞུ་མིའི་ནང་ དམག་སྡེའི་ཁྲིམས་འདུན་གྱིས་ ཉེས་འཛུགས་ཅན་ཚུ་ལས་ ཁྲིམས་དང་མ་མཐུན་པར་ལེན་མི་ ངག་བརྗོད་ཚུ་ལུ་ གཞི་བཞག་སྟེ་ འཁྲུན་ཆོད་གནང་ནུག་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ངག་བརྗོད་ལེན་པའི་སྐབས་ ལ་ལོ་ཅིག་ དོ་དམ་ནང་ཡོད་པའི་ཁར་ གཞན་ཚུ་ དུས་ཚོད་སོ་སོར་ནང་ འབོ་ནུག་ཟེར་ཨིན་པས།
ཁོ་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་ གཡོ་སྒྱུ་དང་ ལྐོག་ཟ་ ལོག་འདྲེན་དང་སྡོང་ཟླ་ དེ་ལས་ རྒྱུད་སྐུལ་གྱི་ ཉེས་འཛུགས་འབད་ཡོད་པའི་ཁར་ ངན་ལྷད་བཀག་སྡོམ་གྱི་ བཅའ་ཁྲིམས་དང་འཁྲིལ་ མ་དངུལ་ ཡང་ན་ བདོག་གཏད་ལྐོག་ཟ་འབད་མི་དང་ འབྲུག་གི་དམག་སྡེའི་བཅའ་ཁྲིམས་༡༩༧༡ དང་འཁྲིལ་ དམག་གཡོག་གནོད་འགེལ་དང་ ཉེས་སྤྱོད་ དེ་ལས་ སྒྲིག་ཁྲིམས་ལས་འགལཝ་མ་ཚད་ ཞེ་ཁྲེལ་གྱི་བྱ་སྤྱོད་ཚུ་འབད་བའི་ གནད་དོན་ཐོག་ལུ་ ཉེས་འཛུགས་འབད་དེ་ བཙོན་ཁྲིམས་ལོ་༣ དང་ཟླཝ་༦ གི་བར་ན་ བཀལ་ཡོད་པའི་ཁར་ ཐོབ་ཐངས་ཚུ་ ག་ནི་ཡང་མེདཔ་སྦེ་ སྒྲིག་གཡོག་ནང་ལས་ བཏོན་བཏང་ཡོདཔ་ཨིན་པས།
ལིང་དཔོན་ཨོ་རྒྱན་ལྷུན་གྲུབ་ཀྱིས་ འཁྲུན་ཆོད་དེ་ལུ་བརྟེན་ ཁོང་ལུ་ སྐྱིད་སྡུག་སྦོམ་ཕོག་ཡོད་པའི་ཁར་ ཨ་ལོ་ཚུ་ སློབ་གྲྭ་ག་ཏེ་ལུ་ བཙུགས་ནི་ཨིན་ན་ མགུ་འཐོམ་ཡོདཔ་ལས་ ཆེ་མཐོ་ཁྲིམས་འདུན་གྱིས་ གནས་སྐབས་ཅིག་ འཁྲུན་ཆོད་ཆ་མེད་གཏང་ནིའི་ བཀའ་རྒྱ་གནང་དགོ་པའི་ ཞུ་བ་ཕུལ་ཡི།
ཨིན་རུང་ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་གྱིས་ སླབ་མིའི་ནང་ གསལ་ཞུ་ཕུལ་ནིའི་ གོ་སྐབས་ཡོད་རུང་ ཁྲིམས་འདུན་དེ་ སྐྱིད་སྡུག་ཞུ་སའི་ ས་གོ་མེན་པའི་ཁར་ གནད་དོན་དེ་ ད་ལྟོ་ རྩོད་བཤེར་འབད་འཕྲོ་ཡོདཔ་ལས་ ཁྲིམས་ཀྱི་རིམ་པ་དང་འཁྲིལ་འབད་ནི་མ་གཏོགས་ ཐོག་མའི་འཁྲུན་ཆོད་ཆ་མེད་གཏང་ནི་དང་ གནས་སྐབས་ཀྱི་ བཀའ་རྒྱ་བཏོན་ནིའི་དབང་ཆ་ ཆེ་མཐོ་ཁྲིམས་འདུན་ལུ་མེད་ཟེར་ཨིན་པས།
དམག་སྡེའི་ཁྲིམས་འདུན་གྱིས་ ཉེས་འཛུགས་ཅན་ཚུ་ ཐོབ་ཐངས་ག་ནི་ཡང་མེདཔ་སྦེ་ བཏོན་བཏང་ཡོད་མི་དེ་ ངག་བརྗོད་ཚུ་ལུ་གཞི་བཞག་སྟེ་ རྩིས་བཱིལ་ཚུ་ གསལ་སྟོན་འབད་མི་ལུ་ གཞི་མ་བཞག་པས་ཟེར་ ཁོ་གིས་ ཞུ་ཡི།
ཁོ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ གནད་དོན་དེ་གི་སྐོར་ལས་ དྲི་དཔྱད་འབད་བའི་སྐབས་ ངན་ལྷད་འབད་བའི་ རྫུན་ཁ་མ་བཟེད་རུང་ དམག་སྡེའི་ཁྲིམས་འདུན་གྱིས་ ངག་བརྗོད་ཀྱི་གོ་དོན་ ལེགས་ཤོམ་སྦེ་མ་ལེན་པར་ ཁོ་གིས་ ཁ་བཟེད་ཡོདཔ་བཟུམ་མའི་ གོ་བ་ལེན་ནུག་ཟེར་ཞུ་ཡི།
དེ་མ་ཚད་ སྦྱོང་བརྡར་ལས་རིམ་ནང་ སྤྲོ་སྟོན་ལས་རིམ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ གསོལ་རས་བྱིན་སྲོལ་ཡོད་མི་དེ་ ཧེ་མ་ལས་ཡོད་པའི་ཁར་ དེ་གི་རྩིས་བཱིལ་ཚུ་ ཤུལ་ལས་ བདེ་སྒྲིག་འབད་སྲོལ་ཡོད་རུང་ དེ་ལུ་ཡང་ ཉེས་ཁྲིམས་བཀལ་ནུག་ཟེར་ ཁོ་གིས་ ཞུ་ཡི།
ཁོ་གིས་ བདེ་སྲུང་ཤོ་ཐེངས་༢ པ་ལས་༢༣ པ་ཚུན་གྱི་བར་ན་ ལས་རིམ་འགོ་འདྲེན་འཐབ་པའི་སྐབས་ ཧེ་མ་བཟུམ་སྦེ་ ཉམས་མྱོང་ཅན་གྱི་ རྩིས་འཛིན་པ་དང་ དངུལ་རྩིས་འགོ་དཔོན་མེད་ནི་དེ་གིས་ ཉམས་མྱོང་མེད་པའི་ཐོག་ལས་ ལཱ་འབད་ཡོད་པའི་ཁར་ འཕྲལ་འཕྲལ་སྐབས་ ཅ་ཆས་ཉོཝ་ད་ རྩིས་བཱིལ་བྱིན་ནི་མེད་མི་ ཚོང་ཁང་ཚུ་ནང་ལས་ཡང་ སྦྱོང་བརྡར་འབད་མི་ཚུ་ལུ་ མཐུན་རྐྱེན་ལེགས་ཤོམ་སྦེ་ བྱིན་ཐབས་ལུ་དམིགས་ཏེ་ གློ་བུར་དུ་ ཉོ་དགོཔ་ཐོན་ནི་ཡོད་མི་ཚུ་ ཤུལ་ལས་ རྩིས་བཱིལ་ནང་ བདེ་སྒྲིག་འབད་ཡོདཔ་མ་གཏོགས་ ཁོ་རའི་མཐའ་དོན་ལུ་ མ་འབད་ཟེར་ཞུ་ཡི།
ཁོ་གིས་ ཆེ་མཐོ་ཁྲིམས་འདུན་ལུ་ ཞུ་མིའི་ནང་ ཧེ་མ་ཡང་ ཁོང་གི་ རྩོད་གཞི་བཟུམ་མའི་ རྩོད་བཤེར་ཐོན་པའི་སྐབས་ ཁྲིམས་འདུན་གྱིས་ དགོངས་ཡངས་གནང་པའི་ སྲོལ་ཡོདཔ་ལས་ ཁོང་ལུ་ཡང་ དགོངས་ཡངས་གནང་དགོ་ཟེར་ ཞུ་བའི་ཁར་ རྩོད་རྩའི་ཁ་ཐུག་ལས་ ཉེས་འཛུགས་ནང་ ཁོང་ཆ་ཁྱབ་ལུ་ ཐོབ་ཐངས་མེདཔ་སྦེ་ བཏོན་གཏང་དགོཔ་སྦེ་ འཁོད་དེ་མེད་ཟེར་ཞུ་ཡི།
ཉེས་འཛུགས་ཅན་ཚུ་ ན་ཧིང་ སྤྱི་ཟླ་༡༢ པའི་ནང་ལས་ བཏོན་བཏང་ཡོདཔ་བཞིན་དུ་ དུས་ཅི་ སྤྱི་ཟླ་༢ པ་ལས་ དམག་སྡེའི་ཁྱིམ་ནང་ལས་ འཐོན་འགྱོ་དགོ་པའི་ བཀའ་རྒྱ་བཏོན་ཡོདཔ་ཨིན་པས།
དམག་སྡེའི་ཁྲིམས་འདུན་གྱིས་ སྒྲུབ་བྱེད་སྒྲིང་སྒྲི་མེད་རུང་ ཁོང་ཆ་ཁྱབ་ བཏོན་བཏང་ཡོདཔ་ལས་ ཐོག་མའི་འཁྲུན་ཆོད་ཆ་མེད་བཏང་སྟེ་ ལོག་སྟེ་ར་ སྒྲིག་གཡོག་ནང་ ཕྱག་ཞུ་ནིའི་གོ་སྐབས་ གནང་དགོ་པའི་ ཞུ་བ་ཕུལ་ཡི།
དམག་སྡེའི་ཁྲིམས་འདུན་གྱིས་ སྤྱིར་བཏང་ཁྲིམས་བཤེར་འབད་དོ་བཟུམ་སྦེ་ ཁྲིམས་ཀྱི་རིམ་པ་ཚུ་དང་འཁྲིལ་ཏེ་ར་ སྙན་གསན་ཚུ་འབད་དེ་ འཁྲུན་ཆོད་བཏོན་ཡོད་པའི་ཁར་ བདག་སྐྱོང་གི་ ཉེས་ཁྲིམས་བཀལ་མི་དེ་ཡང་ དམག་སྡེའི་ཁྲིམས་ལུགས་དང་འཁྲིལ་ཏེ་ ཨིན་ཟེར་ དམག་སྡེའི་ཁྲིམས་རྩོདཔ་གིས་ ཞུ་ཡི།
ཁོ་གིས་ ཞི་བའི་རྩོད་བཤེར་ཨིན་རུང་ ཞི་གཡོག་ལྷན་ཚོགས་ཀྱི་ བཅའ་ཡིག་དང་འཁྲིལ་ཏེ་ བདག་སྐྱོང་དང་འབྲེལ་བའི་ ཉེས་བྱ་བཀལ་སྲོལ་འདུག་ཟེར་ ཞུ་ཡི།
དམག་སྡེའི་ཁྲིམས་རྩོདཔ་གིས་ སྤྱི་ཟླ་༣ པའི་ཚེས་༥ ལུ་ བརྒལ་ལན་ཕུལ་ནི་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *